ལ་དྭགས་གཞུང་དམངས་གཉིས་ལ་སྨོན་ལམ་ཚིག་མཛོད་ཆེན་མོ་ལེགས་སྐྱེས་སུ་འབུལ་བ།
སྨོན་ལམ་ཚིག་མཛོད་ཆེན་མོ་ཚར་གཅིག་ལ་དྭགས་རྫོང་དང་མི་མང་ལ་ཕུལ་བ་དང་ཆབས་ཅིག འབྱུང་འགྱུར་དམིགས་བསལ་འཕྲུལ་ལས་ཀྱི་ལམ་ནས་བྷོ་ཊི་སྐད་ཡིག་རིག་གཞུང་ཡར་རྒྱས་སུ་གཏོང་བར་ཕན་ཚུན་མཉམ་རུབ་གནང་ཕྱོགས་གོ་བསྡུར་གནང་ཡོད་པ།
རྒྱ་གར་དབུས་གཞུང་གིས་ཐད་སྐྱོང་ས་ཁོངས་སུ་གཏོགས་པ་བོད་དང་འདབས་འབྲེལ་གྱི་རྒྱ་གར་ལ་དྭགས་ས་གནས་སུ། བོད་བརྒྱུད་ནང་བསྟན་ལ་དད་མོས་བྱེད་མཁན་དང་། བྷོ་ཊའི་སྐད་ཡིག་དང་རིག་གཞུང་དར་ཁྱབ་ཆེན་པོ་ཡིན་པར་བརྟེན། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཆེད་ཕེབས་དང་འབྲེལ། ཁོང་གིས་ཉེ་ལམ་གསར་ཐོན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་༢༢༣ཡོད་པ་ཚར་གཅིག ལ་དྭགས་ས་གནས་རྫོང་དང་མི་མང་ལ་ཕུལ་ཡོད་པར། སྤྱི་ཟླ་༨ཚེས་༢༦ཉིན་ལ་དྭགས་དབུས་ནང་པའི་གཙུག་ལག་སློབ་གཉེར་ཁང་དུ་མཛད་སྒོ་བསྐྱངས་པ་སོགས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་སྤྱི་ཟླ་༨ཚེས་༢༥ཉིན་ལ་དྭགས་དབུས་གཞུང་མངའ་སྡེའི་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱ་གར་དབུས་གཞུང་གྲོས་ཚོགས་འོག་མའི་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དང་། ལ་དྭགས་དབུས་གཞུང་གི་སྡེ་དཔོན་གཞོན་པ་ཚེ་རིང་དབང་ཕྱུག་ལགས། ཤེས་རིག་བཀའ་བློན་བསྟན་འཛིན་ཆོས་འཕེལ་ལགས། ཤེས་རིག་དྲུང་ཆེ་ཚེ་དབང་དཔལ་འབྱོར་ལགས། ལ་དྭགས་གླེ་རུ་ཡོད་པའི་རྒྱ་གར་རྒྱལ་ཡོངས་གློག་རྡུལ་དང་བརྡ་འཕྲིན་ལག་རྩལ་ཞིབ་འཇུག་ཁང་གི་འགན་འཛིན་ཕུན་ཚོགས་དོན་ལྡན་ལགས། ལ་དྭགས་དགོན་པ་ཡོངས་ཀྱི་རང་སྐྱོང་ཚོགས་པའི་སྤྱི་འཐུས་དཀོན་མཆོག་ཚེ་འཕེལ་ལགས། ལ་དྭགས་དབུས་གཞུང་ནང་པའི་རིག་གནས་མཐོ་སློབ་ཁང་གི་བྷོ་ཊི་དང་རྩོམ་རིག་སྡེ་ཚན་གྱི་འགན་འཛིན་ཉེ་བའི་སློབ་དཔོན་མཁན་པོ་དཀོན་མཆོག་ཐུབ་བསྟན་ལགས་བཅས་དང་ལྷན་འཛོམས་ཐོག སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་དང་མཉམ་འབྲེལ་གྱིས་ཆོས་དང་རིག་གཞུང་། བྷོ་ཊའི་སྐད་ཡིག་བཅས་བརྡ་འཕྲིན་བརྒྱུད་ལམ་ནས་ཡར་རྒྱས་གཏོང་ཕྱོགས་ཐད། མིས་བཟོས་རིག་ནུས་པ་(AI)དང་འབྲེལ་ནས་ལས་འཆར་ཆེན་པོ་གསུམ་གྱི་སྐོར། དུས་ཡུན་ཆུ་ཚོད་གཉིས་ལྷག་རིང་ཕན་ཚུན་གོ་བསྡུར་དང་གྲོས་མོལ་ལྷུག་པོར་གནང་བ་སོགས་ཀྱང་འགྲེལ་བརྗོད་གནང་ཡོད།
ཡང་དགེ་བཤེས་བློ་བཟང་སྨོན་ལམ་ལགས་སྤྱི་ཟླ་༨ཚེས་༢༥ཉིན་ལ་དྭགས་གླེ་རུ་རྟེན་གཞི་བྱས་པ་ཨེ་ལི་ཟར་འབྱོར་ལྡན་དྲན་གསོའི་མཐོ་སློབ་ཁང་དུ་ནང་པའི་ལྟ་གྲུབ་སྡེ་ཚན་གྱི་གོ་སྒྲིག་འོག དེ་གའི་སློབ་སྤྱི་ཌོག་ཌར་ས་མི་ན་ཨེཀེ་བྷལ་མཆོག་དབུ་བཞུགས་ཐོག་མཐོ་རིམ་སློབ་ཕྲུག་རྣམས་ལ་༼འཕྲུལ་ལས་ཀྱི་ལམ་ནས་བྷོ་ཊིའི་སྐད་ཡིག་ཡར་རྒྱས་གཏོང་ཐབས་༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་། སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་སོགས་གནང་ཡོད་པ་རེད། ཉེ་ཆར་སྤྱི་ཟླ་༥ཚེས་༢༧ཉིན་བཞུགས་སྒར་དུ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ནས་དབུ་འབྱེད་ཀྱི་སྨོན་ལམ་ཚིག་མཛོད་ཆེན་མོ་དེར། ཚར་གཅིག་ལ་པོད་༢༢༣དང་། ཤོག་ངོས་༡,༣༣,༨༧༠དང་། ཚེག་བར་༦༤,༦༦༣,༡༢༡ཡོད་པས། དེ་ནི་དེང་དུས་འཛམ་གླིང་ནང་གི་དེབ་ཕྲེང་མང་ཤོས་ཀྱི་ཚིག་མཛོད་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རེད།།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།