གསེར་རྟ་ནས་ཞིང་ཆེན་གཞན་པའི་གྲྭ་བཙུན་ཚོ་ཕྱིར་ཕུད་གཏོང་གི་འདུག
2016.09.19
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་ནས་མཚོ་སྔོན་དང་། ཀན་སུའུ། ཡུན་ནན་ཞིང་ཆེན་བཅས་ནས་ཡིན་པའི་གྲྭ་བཙུན་རྣམས་ཕྱིར་འབུད་གཏོང་བཞིན་ཡོད་འདུག
དེ་ཡང་འདི་གའི་བལ་ཡུལ་གྱི་གསར་འགོད་པར་བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་ངོ་སྤྲོད་གནང་དོན་ལྟར་ན། རྒྱ་ནག་གཞུང་གི་བཀོད་ཁྱབ་འོག་འདི་ལོའི་ཕྱི་ཟླ་བདུན་པའི་ཕྱི་ཚེས་༢༠་ཉིན་ནས་བཟུང་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲ་བཙུན་རྣམས་ཀྱི་གྲ་ཤག་གཏོར་བཤིག་གཏོང་བཞིན་པ་མ་ཟད། དེའི་ཁར་གསེར་རྟ་བླ་རུང་ཆོས་སྒར་ནང་དེ་སྔ་ནས་གཏན་སྡོད་གནང་སྟེ་ནང་ཆོས་སློབ་གཉེར་གནང་བཞིན་པ་མཚོ་སྔོན་ཞིང་ཆེན་དང་། ཡུན་ནན་ཞིང་ཆེན། དེ་བཞིན་ཀན་སུའུ་ཞིང་ཆེན་གྱི་ཁོངས་གཏོགས་ནས་ཡིན་པའི་གྲ་བཙུན་རྣམས་ཕྱིར་འབུད་བཏང་དང་གཏོང་བཞིན་ཡོད་ཅིང་། དེ་སྔ་མཚོ་སྔོན་ཞིང་ཆེན་ནས་བླ་རུང་ཆོས་སྒར་ནང་ནང་ཆོས་སློབ་གཉེར་མུ་མཐུད་གནང་ཆོག་པ་རྒྱ་ནག་གཞུང་གི་ཆོག་མཆན་ཐོབ་པའི་གྲ་བཙུན་འགའ་ཤས་མ་གཏོགས་སྡོད་མི་ཆོག་པ་དང་། གྲ་བཙུན་གཞན་རྣམས་རང་རང་སོ་སོའི་ཕ་ཡུལ་ལ་ངེས་པར་དུ་ཕྱིར་ལོག་དགོས་པའི་བཀོད་ཁྱབ་གཏོང་བཞིན་པ་དང་། ཡང་ཀན་སུའུ་ཞིང་ཆེན་དང་ཡུན་ནན་ཞིང་ཆེན་ནས་ཡིན་པའི་གྲ་བཙུན་གཅིག་ཀྱང་བླ་རུང་ཆོས་སྒར་ནང་སྡོད་མི་ཆོག་པའི་བཙན་དཀའ་བཏང་སྟེ་ཕྱིར་འབུད་གཏོང་བཞིན་པ་མ་ཟད། རྒྱ་གཞུང་གིས་གྲྭ་བཙུན་དེ་དག་གི་ཕ་ཡུལ་ལ་འབྲེལ་བ་བྱས་ཏེ་ཡུལ་མི་ཚོའི་ངོས་ནས་གྲ་བཙུན་རྣམས་ལ་ཐད་ཀར་འབྲེལ་བ་བྱེད་དུ་བཅུགས་ནས་ཕ་ཡུལ་ལ་ཕྱིར་ལོག་དགོས་པའི་སྐུལ་མ་གཏོང་བཅུག་པ་དང་། གལ་ཏེ་གྲ་བཙུན་རྣམས་རང་ཡུལ་ལ་ཕྱིར་ལོག་མ་གནང་ཚེ་རྒྱ་གཞུང་གིས་སྤྲད་པའི་རོགས་དངུལ་དང་། ཐོབ་ཐང་སོགས་མེད་པ་བཟོ་རྒྱུའི་སྡིག་ར་སྐུལ་འདུག་ལ་ད་དུང་རང་ཡུལ་ལ་ཕྱིར་ལོག་མ་བྱས་ཚེ་རྒྱ་གཞུང་གི་ལས་བྱེད་པ་བླ་རུང་སྒར་ནང་ཡོང་སྟེ་ཀན་སུའུ་དང་ཡུན་ནན་ཞིང་ཆེན་གྱི་གྲ་བཙུན་རྣམས་ཕྱོགས་གཅིག་ཏུ་བསྡུ་སྐོང་གིས་སློབ་གསོ་རྒྱབ་ནས་ཕྱིར་འབུད་གཏོང་རྒྱུའི་ཉེན་བརྡ་ཡང་བཏང་འདུག
ཡང་བླ་རུང་ཆོས་སྒར་ནང་སློབ་གཉེར་གནང་བཞིན་པ་བོད་ཀྱི་རྒྱལ་ས་ལྷ་ས་དང་། ཆབ་མདོ་སོགས་ནས་ཡིན་པའི་གྲ་བཙུན་ཕལ་ཆེ་བ་ཕྱིར་འབུད་བཏང་ཟིན་པ་དང་། བླ་རུང་སྒར་ནང་སློབ་གཉེར་གནང་བཞིན་པ་དགུང་གྲངས་༦༠་ཡན་ལ་ཕེབས་པ་ཚང་མ་ཕྱིར་འབུད་གཏོང་མི་དགོས་པའི་རེ་འདུན་ཞིག་བཏོན་ཡོད་ན་ཡང་དེ་ལ་ཡང་རྒྱ་གཞུང་གིས་ངོས་ལེན་བྱེད་དཀའ་བའི་གནས་སུ་ལྷུང་ཡོད་འདུག༎
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་མང་པོ་བཙན་གྱིས་གཏོར་བཞིན་པར་བཟོད་དཀའ་བའི་བློ་ཕམ་བྱུང་ནས་ད་བར་སོ་སོར་བཙུན་མ་གསུམ་གྱིས་རང་སྲོག་བཅད་པའི་གནས་ཚུལ་ཡང་བྱུང་ཡོད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།