བོད་ཀྱི་རིག་གཞུང་ལ་རྒྱུས་ལོན་ཆེད་སོག་པོ་ལྔ་བཅུ་ལྷག་རྡ་རམ་སཱ་ལར་འབྱོར་འདུག

སོག་ཡུལ་ནི་བོད་བརྒྱུད་ནང་བསྟན་ཉམས་ལེན་བྱེད་ཡུལ་གྱི་རྒྱལ་ཁབ་ཞིག་ཡིན་ཞིང་། བོད་བརྒྱུད་ནང་པ་སངས་རྒྱས་པའི་ཆོས་ལ་རྒྱུས་མངའ་དང་བོད་ཀྱི་རིག་གཞུང་སློབ་གཉེར་ཆེད་སོག་ཡུལ་ནས་སྤྱི་ཚོགས་ནང་ཤུགས་རྐྱེན་ལྡན་པའི་གཞོན་སྐྱེས་གཙོས་སོག་པོ་ཕོ་མོ་བསྡོམས་མི་གྲངས་༥༢འདི་ཚེས་༢༢ཉིན་བཞུགས་སྒར་རྡ་རམ་སཱ་ལར་ཆེད་དུ་འབྱོར་བ་དང་། ད་རེས་རིག་གཞུང་རྒྱུས་ལོན་གྱི་ལས་གཞི་འདི་སོག་ཡུལ་དུ་ཡོད་པའི་ན་རོ་པཎ་ཆེན་དང་ཏེ་ལོ་པ་ཧུ་ཐོག་ཐུ་ཚོགས་པ་གཉིས་ཟུང་འབྲེལ་གྱིས་འགན་འཁུར་གོ་སྒྲིག་གནང་བ་ཡིན་འདུག
ཐེངས་འདིའི་ལས་གཞིའི་འགན་འཁུར་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེས། ད་རེས་ལས་གཞི་འདིའི་ཁོངས་སུ་གཞོན་སྐྱེས་ཉི་ཤུ་ཡོད་པ་དག་ནི་དུས་རྒྱུན་སོག་ཡུལ་དུ་སྤྱི་ཚོགས་དྲ་རྒྱའི་སྟེང་ཤུགས་རྐྱེན་ཡོད་མཁན་ཡིན་པ་དང་། ཁོང་ཚོ་བརྒྱུད་སོག་ཡུལ་ནང་གི་ན་གཞོན་ཚོར་ཕན་ཐོགས་དང་ཤུགས་རྐྱེན་ཡོང་ཆེད་མཉམ་ཞུགས་བྱས་པ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་སོག་པོ་གཞོན་སྐྱེས་དེ་དག་ཁྲོད་སྤྱི་ཚོགས་དྲ་རྒྱའི་སྟེང་སྐད་གྲགས་ཆེ་བའི་གློག་བརྙན་འཁྲབ་སྟོན་པ་ཚེ་ཚུ་གྷེ་བྷམ་བྷ་ལགས་ཀྱང་འདུག་ཅིང་། ཁོང་གིས་བཞུགས་སྒར་རྡ་རམ་སཱ་ལ་ནས་ནང་ཆོས་སྦྱང་བའི་ཉམས་མྱོང་གི་ཐོག་ནས་སོག་པོའི་མི་དམངས་ལ་རེ་བ་གསར་པ་ཞིག་བསྐྲུན་རྒྱུའི་ཡིད་ཆེས་ཡོད་པ་ཁོང་ཚོ་རྡ་སའི་གནམ་ཐང་དུ་འབྱོར་མ་ཐག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
དེ་བཞིན་སོག་པོའི་གཞས་པ་གྲགས་ཅན་བྷོལ་ཏི་བྷ་ཊར་ལགས་ཀྱིས། ཁོང་མོ་ནང་ཆོས་ལ་རྒྱུས་མངའ་ཞེ་དྲགས་མེད་སྟབས་ད་རེས་བཞུགས་སྒར་དུ་ཡོང་རྒྱུ་ནི་གོ་སྐབས་ཤིག་ལ་ངོས་འཛིན་གྱིས་ནང་ཆོས་ལ་སློབ་གཉེར་བྱ་རྒྱུ་ཡིན་པ་གསུངས་བྱུང་།
འདི་ལྟ་བུ་སོག་ཡུལ་ནས་གཞོན་སྐྱེས་གཙོ་བོ་ལས་གྲུབ་པའི་ནང་ཆོས་དང་བོད་ཀྱི་རིག་གཞུང་རྒྱུས་ལོན་དུ་ཆེད་དུ་དམིགས་པའི་ལས་གཞི་ཞིག་གི་ཐོག་ནས་བཞུགས་སྒར་རྡ་རམ་ས་ལར་ཡོང་བ་ཐེངས་མ་དང་པོ་ཡིན་ཡང་། འདིའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་བར་སོག་ཡུལ་ནས་དད་ལྡན་པ་བརྒྱ་ཕྲག་འགའ་ཤས་ལོ་ཤས་བཅར་གྱི་ཡོད་པ་རེད། ལྷག་པར་དུ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་གདན་ས་འབྲས་སྤུང་སྒོ་མང་གྲྭ་ཚང་གཙོ་བོར་བྱེད་པའི་གདན་ས་གཞན་ཁག་གི་སོག་པོའི་གྲྭ་རྒྱུན་བརྒྱ་ཕྲག་འགའ་ཤས་སློབ་གཉེར་གནང་བཞིན་ཡོད་པ་རེད།
ད་རེས་རྡ་རམ་ས་ལར་ཆེད་བཅར་གྱི་སོག་པོ་རྣམས་ཕྱི་ཟླ་ ༣ ཚེས་ ༢༡ ནས་ ༢༧ བར་བཞུགས་སྒར་ཁུལ་དུ་
བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་། བོད་ཀྱི་འགྲེམས་སྟོན་ཁང་། བོད་ཀྱི་དཔེ་མཛོད་ཁང་། ནོར་བུ་གླིང་ཁ། དེ་བཞིན་རྒྱུད་སྟོད་གྲྭ་ཚང་སོགས་སུ་ཆེད་ཕེབས་ཀྱིས་རིག་གཞུང་རྒྱུས་ལོན་གནང་རྒྱུ་ཡིན་འདུག
བོད་དང་སོག་པོ་གཉིས་ནི་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། སོག་པོའི་རྒྱལ་པོ་ཨལ་ཏན་ཁན་གྱིས་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་ལ་ཏཱ་ལའི་བླ་མ་ཞེས་པའི་མཚན་གནས་ཀྱང་སོག་པོའི་རྒྱལ་པོ་ཨལ་ཏན་གྱིས་བསྩལ་བ་ཡིན་པ་ལོ་རྒྱུས་ནང་གསལ་གྱི་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་ ༢༠༡༦ ཕྱི་ཟླ་ ༡༡ ནང་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།