སྲོག་པོས་ཕྱི་རྒྱལ་དང་མཉམ་ལས་བྱ་རྒྱུའི་ཁས་ལེན་བྱས་མེད་པ།
2011.09.17
༄༅༎སོག་པོ་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གིས་ཕྱི་རྒྱལ་གྱི་གཏེར་ཁ་བསྔོག་འདོན་བྱེད་མཁན་ཚོང་ལས་ཁང་དང་མཉམ་དུ་སོག་ཡུལ་གྱི་གཏེར་བསྔོག་འདོན་གྱི་ལས་གཞི་མཉམ་ལས་བྱ་རྒྱུར་ངོས་ལེན་བྱས་མེད་པའི་སྐོར། དེ་རིང་སོག་པོའི་སྲིད་འཛིན་གྱི་མགྲིན་ཚབ་པས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།
སོག་ཡུལ་གྱི་ཊ་ལྦན་ཏོལ་གོ་ཨི་ཞེས་པའི་ས་ཁུལ་དེ་ནི། འཛམ་གླིང་ནང་ནས་རྡོ་སོལ་གྱི་གཏེར་ཁ་མང་ཤོས་གསོག་འཇོག་བྱས་ཡོད་པར་བརྟེན། མགྲིན་ཚབ་པ་ཁོང་གིས། སོག་པོ་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་སྲིད་འཛིན་དང་སྲིད་བློན། གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་ཡོད་པར་བརྟེན་ཁོང་རྣམས་ཀྱིས་ཕྱི་རྒྱལ་དང་མཉམ་ལས་བྱ་རྒྱུའི་ཁས་ལེན་བྱས་མེད་པ་གསུངས་པ་ཞིག་ཡིན་ཞིང༌། ཁ་སྔོན་ཕྱི་ཟླ་བདུན་པའི་ནང་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། སོག་ཡུལ་གྱི་ལྷོ་ཕྱོགས་ཊ་ལྦན་ཏོལ་གོ་ཨི་ནང་གི་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་བརྒྱ་ཆ་༤༠ ཕྱི་རྒྱལ་ཚོང་ལས་པ་ཚོར་བོག་མར་སྤྲོད་རྒྱུ་བཤད་ཡོད་པ་རེད། འོན་ཀྱང་སྐབས་དེ་དུས་ཕྱི་རྒྱལ་ཚོང་ལས་བོག་མ་སྤྲོད་ཡུལ་གྱི་མིང་གཞུང་ནང་ནས་ཉི་ཧོང་དང་ཀོ་རི་ཡ་གཉིས་འཐེར་ནས་སོག་ཡུལ་གཞུང་གིས་བོག་མ་སྤྲོད་ཕྱོགས་ལ་གཞུང་འབྲེལ་གྱི་ཐོག་ནས་སྐྱོན་བརྗོད་བྱས་པ་དང༌། ཡིན་ནའང་སོག་ཡུལ་གཞུང་གི་དཔོན་རིགས་ནས། ཐག་གཅོད་དེ་ནི་མཐའ་མའི་ཐག་གཅོད་མ་ཡིན་པར་ད་དུང་བསྐྱར་བཅོས་བྱ་རྒྱུ་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།
གནས་ཚུལ་དབྱེ་ཞིབ་པ་ཚོས། སོག་ཡུལ་གྱི་གཏེར་ཁ་དེ་ནི་སོག་པོའི་ཆབ་སྲིད་དང་འབྲེལ་བ་དམ་གཟབ་ཡོད་པར་ངོས་འཛིན་བྱེད་པ་དང༌། སོག་པའི་གཞུང་གིས། ས་ཁུལ་དེ་ནས་གཏེར་ཁ་བསྔོག་འདོན་བྱས་པའི་རིན་འབབ་ནས། རྒྱལ་ཁབ་ཀྱི་དབུལ་པོའི་དཀའ་ངལ་མང་པོ་སེལ་ཐུབ་རྒྱུའི་རེ་བ་བྱེད་པ་དང༌། ས་ཁུལ་དེའི་ནང་དུ་རྡོ་སོལ་གྱི་གཏེར་ཁ་ཀྲོན་ཐེར་འབུམ་དྲུག་དང་གྲངས་ཆུང་བཞི་གསོག་འཇོག་བྱས་ཡོད་པར་ངོས་འཛིན་བྱེད་པ་དང། དེའི་ནང་ནས་མང་ཆེ་བ་སྤུས་ཀ་ལྡན་པའི་ཁ་ལག་བཟོ་ཆེད་ཀྱི་རྡོ་སོལ་དང་ལྕགས་རིགས་བཟོ་སྐྲུན་ལ་མཁོ་བའི་རྡོ་སོལ་རིགས་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།