སོག་ཡུལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་སྐུ་པར་འགྲེམས་སྟོན་གྱི་ལས་གཞི་དབུ་འཛུགས་གནང་ཡོད་པ།

2022.06.08
སོག་ཡུལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་སྐུ་པར་འགྲེམས་སྟོན་གྱི་ལས་གཞི་དབུ་འཛུགས་གནང་ཡོད་པ། ཕྱི་ཟླ་ ༦ པའི་ཚེས་ ༡༤ ཉིན་ཏེ་ས་ག་ཟླ་བའི་དུས་ཆེན་དང་། ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་ཏེ་སྐུའི་འཁྲུངས་སྐར་བཅས་ཀྱི་ཉིན་༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་དང་འབྲེལ་ནས་དམིགས་བསལ་གྱི་འགྲེམས་སྟོན་ལམ་ནས་ཉིན་མོ་དེ་དག་སྲུང་བརྩི་ཞུ་རྒྱུ་ཡིན་འདུག
Photo: Telo Rinpoche

སོག་ཡུལ་དུ་རྟེན་གཞི་བྱས་པའི་དགའ་ལྡན་ཐེག་ཆེན་གླིང་དགོན་པ་དང་དཱི་ལུ་ཝ་ཧ་ཏུག་ཏུ་ཐེབས་རྩ་ཁང་(Diluva Hutugtu Foundation) དེ་བཞིན་རུ་སོག་སྐུ་ཚབ་དོན་ཁང་བཅས་ཐུན་མོང་གིས་གོ་སྒྲིག་འོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་ནས་སྐུ་པར་འགྲེམས་སྟོན་གྱི་ལས་གཞི་ཞིག་ཕྱི་ཟླ་ ༦ པའི་ཚེས་ ༧ ཉིན་ནས་འགོ་འཛུགས་ཀྱི་ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་ཏེ་༸སྐུའི་འཁྲུངས་སྐར་བར་ཟླ་བ་གཅིག་རིང་གནང་གི་ཡོད་ཅིང་། ལས་གཞི་དེའི་དམིགས་ཡུལ་གཙོ་བོ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་ཆོས་སྲིད་གཉིས་ཀྱི་མཛད་པ་ཁག་སོག་པའི་མི་མང་ལ་ངོ་སྤྲོད་བྱ་རྒྱུ་དེ་ཡིན་པ་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། 

ད་རེས་འགྲེམས་སྟོན་དེའི་ནང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་ཕྲ་བའི་དུས་སྐབས་དང་། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་པའི་བརྒྱུད་རིམ། བཙན་བྱོལ་དུ་མཛད་པ་འཕྲིན་ལས་རྒྱས་ཚུལ་སོགས་རྒྱ་ཆེ་མང་ཚོགས་ལ་གསལ་སྟོན་གནང་གི་ཡོད་པ་དང་། ལྷག་པར་དུ་ཕྱི་ཟླ་ ༦ པའི་ཚེས་ ༡༤ ཉིན་ཏེ་ས་ག་ཟླ་བའི་དུས་ཆེན་དང་། ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་ཏེ་སྐུའི་འཁྲུངས་སྐར་བཅས་ཀྱི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་དང་འབྲེལ་ནས་དམིགས་བསལ་གྱི་འགྲེམས་སྟོན་ལམ་ནས་ཉིན་མོ་དེ་དག་སྲུང་བརྩི་ཞུ་རྒྱུ་ཡིན་འདུག  

ཡང་ས་ག་ཟླ་བ་དང་སྟབས་བསྟུན། སོག་པོའི་གཞུང་གིས་རྒྱ་གར་དབུས་གཞུང་ལ་རེ་སྐུལ་ཞུས་པ་བཞིན། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་འགྲེམས་སྟོན་ཁང་ནང་ཡོད་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་རིང་སེལ་དེ་བཞིན་རིང་མིན་སོག་པོའི་ནང་གདན་ཞུ་གནང་རྒྱུ་ཐག་གཅོད་བྱུང་འདུག་པ་དང་། རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་འདི་ནི་ལོ་རྒྱུས་རང་བཞིན་ཅན་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་། 

ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་སེལ་དེ་བཞིན་རྒྱལ་ས་ལྡི་ལི་ནས་སོག་ཡུལ་དུ་གདན་ཞུ་སྐབས་རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་ Kiren Rijiju མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཀྱང་སོག་ཡུལ་དུ་ཆེད་ཕེབས་གནང་འཆར་ཡོད་འདུག་ལ། སྤྱིར་སོག་པོའི་ནང་མི་འབོར་བརྒྱ་ཆ་ ༥༣ ནང་པ་ཡིན་ཞིང་། ས་ག་ཟླ་བ་ལྟ་བུ་གལ་གནད་ཆེ་བའི་དུས་ཆེན་སྐབས་སོག་པོའི་ནང་རྒྱལ་ཁབ་གཞན་ནས་སངས་རྒྱས་ཀྱི་རིང་སེལ་གདན་ཞུ་བྱ་རྒྱ་དེ་ནི་རྒྱལ་ཁབ་ཕན་ཚུན་བར་ནང་ཆོས་ཀྱི་འབྲེལ་ལམ་དེ་ཟབ་ཏུ་གཏོང་རྒྱུའི་ཁེ་ཕན་ཡོད་འདུག

གཞན་ཡང་་ད་རེས་འགྲེམས་སྟོན་དབུ་འབྱེད་མཛད་སྒོའི་ཐོག་སོག་ཡུལ་ནང་པ་ཡོངས་ཀྱི་དབུ་ཁྲིད་མཁན་པོ་ནུ་མོན་ཁཱན་Khambo Nomun Khan ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སོག་ཡུལ་མི་མང་བར་གྱི་འབྲེལ་ལམ་སྐོར་གསུང་བཤད་གནང་འདུག་པ་མ་ཟད། རྒྱ་གར་དང་ཨ་རིའི་གཞུང་ཚབ་ཁང་གི་གནད་ཡོད་མི་སྣ་དང་། ཤེས་ཡོན་པ། སྒྱུ་རྩལ་བ། གསར་འགོད་པ་སོགས་མཉམ་ཞུགས་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎