བཙོན་གྲོལ་ཐོབ་པར་དགའ་བསུ།
2013.10.04

དེ་ཡང་གནས་ཚུལ་ལྟར་ན། སྤྱི་ལོ༢༠༡༣ ལོའི་ཕྱི་ཟླ་༩ པའི་ཚེས་༢༨ ཉིན་གྲྭ་སྨོན་ལམ་ལགས་གློ་བུར་བཙོན་གྲོལ་ཐོབ་ཡོད་པ་དང་། བཙོན་ཁང་ནས་རང་ཡུལ་དུ་ལོག་སྐབས་ལྕོག་རི་དགོན་གྱི་གྲྭ་དམངས་དང་། ཏྲེ་ཧོར་ས་གནས་མང་ཚོགས་བཅས་ནས་དགའ་བསུ་དང་། ཁ་བཏགས་འཐེན་པ་སོགས་བྱས་འདུག ཁོང་ལ་དེ་སྔོན་ལོ་གསུམ་གྱི་དུས་བཀག་ཁྲིམས་ཐག་བཅད་པའི་དུས་ཡུན་ཚང་མེད་ཀྱང་། གནས་ཚུལ་ལྟར་ན། ཁོང་བཙོན་འཇུག་བྱས་སའི་ངལ་རྩོལ་བསྒྱུར་བཀོད་ཁང་ས་གནས་གཞན་ལ་སྤོར་རྒྱུ་ཡིན་པར་བརྟེན་སྡེ་དགེ་ཕྱོགས་ནས་ཡིན་པའི་བོད་མི་ཆབ་སྲིད་བཙོན་པ་ཞིག་དང་མཉམ་གློད་གྲོལ་བཏང་བ་ཞིག་ཡིན་འདུག་ལ་ཁོང་ལོ་གཅིག་དང་ཕྱེད་ཀ་ལྷག་དེར་བཙོན་འཇུག་བྱས་ཡོད་པ་རེད།
གྲྭ་སྨོན་ལམ་ནི་བྲག་འགོ་རྫོང་ལྕོག་རི་དགོན་པའི་གྲྭ་པ་ཡིན་པ་དང་། ཁོང་གིས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་སྐོར་གྱི་འོད་སྡེར་དང་། ༢༠༠༨ ལོའི་ཞི་རྒོལ་སྐབས་ཀྱི་བརྙན་པར་སོགས་ཟུར་དུ་ཚོང་ཁང་ནས་ཕྱིར་ཚོང་བྱས་པར་བརྟེན། ༢༠༡༢ ལོའི་ཕྱི་ཟླ་༣ པའི་ཚེས་༡༠ ཉིན་གློ་བུར་དུ་བྲག་འགོ་རྫོང་གི་ཉེན་རྟོག་པས་འཇུ་བཟུང་བྱས་བ་ཡིན་འདུག