རྒྱ་གར་གྱི་སྲིད་བློན་ཨ་རིར་འབྱོར་བར་བོད་མི་ཚོས་དགའ་བསུ།
2014.09.29
རྒྱ་གར་གྱི་སྲིད་བློན་མཆོག་གིས་རྒྱལ་ཁབ་འཛུཊ་སྐྲུན་ཡར་རྒྱས་གཏོང་རྒྱུར་ཕྱི་སྡོད་རྒྱ་གར་བ་ཚོས་འཕྱར་གྲུ་མཉམ་འདེགས་བྱེད་དགོས་བ་གསུངས་འདུག
དེ་ཡང་རྒྱ་གར་གྱི་སྲིད་བློན་Narendra Modiམཆོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུར་ཕེབས་ཞོར་འདི་ཁུལ་གནས་སྡོད་རྒྱ་གར་བ་ཚོར་ཡང་གསུང་བཤད་གནང་རྒྱུའི་ལས་རིམ་ཞིག་ཁ་ས་གཟའ་ཉི་མའི་ཉིན་གོ་བསྒྲིགས་ཞུས་ཡོད་པ་རེད། སྙན་གྲགས་ཆེ་བའི་Madison Square Garden ཞེས་པའི་ཚོགས་ཁང་ཆེ་མོའི་ནང་། མི་མང་ཆིག་ཁྲི་བརྒྱད་སྟོང་ཙམ་ཞིག་འདུ་འཛོམས་བྱུང་ཡོད་པ་མ་ཟད། སྐབས་དེར་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སུམ་ཅུ་སོ་གྲངས་ཞིག་ཀྱང་ཕེབས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་བྱང་ཨ་རིའི་མངའ་སྡེ་མང་པོའི་ནང་ཡོད་པའི་རྒྱ་གར་བའི་འབྱོར་ལྡན་མི་སྣ་ཡང་མང་པོ་ཞིག་ནས་མཉམ་ཞུགས་བྱས་ཡོད་པ་རེད། འདི་ལྟབུའི་ཕྱིའི་རྒྱལ་ཁབ་ཀྱི་དབུ་འཁྲིད་ནས་མི་མང་འདུ་འཛོམས་ཆེ་བའི་ཐོག་གསུང་བཤད་གནང་བ་ལོ་རྒྱུས་ནང་ད་རེས་ཐོག་མ་དེ་ཆགས་ཡོད་པའི་སྐོར་གནས་ཚུལ་ནང་བཀོད་ཐོན་བྱུང་ཡོད་པ་རེད། ཁ་སའི་ཚོགས་འཛོམས་ཐོག་སྲིད་བློན་མོ་དི་མཆོག་གིས། ཁོང་ནས་སྲིད་བློན་གྱི་ཐུགས་འགན་བཞེས་པ་ནས་བཟུང་རྒྱ་གར་མི་མང་དཀྱུས་མ་ཚོའི་གནས་སྟངས་ཡར་རྒྱས་གཏོང་ཐབས་ཀྱི་ལས་དོན་མང་པོ་ཞིག་འགོ་བརྩམས་ཡོད་པ་དང་། ལྷག་པར་དུ་རྒྱ་གར་ནང་མ་རྩ་འཛུགས་མཁན་ཚོར་བརྒྱུད་ལམ་མང་པོ་ཞིག་འགྲིམས་དགོས་ཀྱི་ཡོད་པ་དེ་དག་ལས་སླ་རུ་གཏོང་འཆར་ཡོད་པ། དེ་དང་ཕྱོགས་མཚུངས་ཕྱི་སྡོད་རྒྱ་གར་བ་ཚོ་སོ་སོའི་རྒྱལ་ཁབ་ནང་ཕྱིར་ལོག་པ་དང་། ཡང་ན་ཚོང་ལས་སོགས་ཀྱི་ཆེད་ཕྱིར་ཡོང་འདོད་ཡོད་པ་རྣམས་ལ་གནས་སྡོད་ཆོག་པའི་ཆོག་མཆན་གྱི་ལམ་ལུགས་སླ་རུ་གཏོང་རྒྱུ་ཡིན་ལུགས་སོགས་གསུངས་ནས་གང་ལྟར་རྒྱ་གར་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུར་རྒྱ་གར་བ་ཚང་མས་གཞུང་ལ་མཐུན་འགྱུར་རོགས་རམ་དང་འཕྱར་གྲུ་མཉམ་འདེགས་བྱེད་དགོས་ལུགས་འབོད་སྐུལ་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཁོང་གིས། སྤྱིར་བཏང་ཕྱི་ཕྱོགས་ནས་རྒྱ་གར་ལ་དེ་སྔའི་ལྟ་ཚུལ་ལྟར་མ་ཡིན་པར་འཕྲུལ་རིགས་ཀྱི་ཐོག་ནས་ཧ་ཅང་སྐད་གྲགས་ཆེན་པོ་ཞིག་ཆགས་ཡོད་དུས་དེར་གཞིགས་པས་དུས་རབས་ཉེར་གཅིག་པ་འདིའི་ནང་འཛམ་གླིང་ནང་། རྒྱ་གར་གཟེངས་སུ་ཐོན་པ་ཞིག་མི་ཡོང་བའི་ངེས་པ་ཡོད་མ་རེད་ཅེས་གསུངས་པ་བཅས་ཐེངས་འདིའི་འཚམས་གཟིགས་དང་ལྷག་པར་དུ་གྲོང་ཁྱེར་ནིའུ་ཡོག་ཏུ་ཁ་ས་རྒྱ་གར་བའི་མི་ཚོགས་སྟོང་ཕྲག་མང་པོས་དགའ་བསུ་ཞུས་པའི་སྐབས་སུ་བོད་མི་ཚོས་ཀྱང་རྒྱ་གར་གྱི་སྲིད་བློན་ལ་གུས་བསུ་དང་། རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ ་རྒྱུའི་མཚོན་དོན་དུ་ཚོགས་ཁང་དེའི་མདུན་ལག་ཏུ་དགའ་བསུ་ཞུ་བའི་ཕྲེད་དར་འཁྱེར་བ་དང་གཡག་གཞས་དང་རྔ་རོལ་གྱི་ལམ་ནས་འཚམས་འདྲི་ཞུས་ཡོད་པ་རེད། དེ་བཞིན་ཚེས༢༩ཉིན་སྲིད་བློན་མཆོག་འདི་ཨ་རིའི་རྒྱལ་སའི་སྲིད་འཛིན་ཕོ་བྲང་དཀར་པོའི་ནང་ཕེབས་སྐབས་ས་གནས་བོད་མི་ཚོས་དགའ་བསུའི་འབོད་སྒྲ་སྒྲོག་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།
དེ་བཞིན་བོད་མི་ཚོས་དགའ་བསུའི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།