རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱ་རྒྱུའི་སྐོར།
2015.09.29
༄༅།རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་གཟའ་ཟླ་བའི་ཉིན་གྲོང་ཁྱེར་ནེའུ་ཡོག་ནང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་མཇལ་འཕྲད་གནང་བའི་རྗེས་སུ་དབུ་ཁྲིད་རྣམ་གཉིས་ནས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ཡར་རྒྱས་ལས་དོན་ལ་གནོད་མ་སྐྱེལ་བའི་ཐོག་ནས་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་འདུག་ རྒྱ་གར་གྱི་སྲིད་བློན་Narendra Modi མཆོག་གིས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཇལ་འཕྲད་གནང་སྐབས་ཁོང་ནས་འཛམ་གླིང་མི་མང་རྣམས་ཀྱིས་མཉམ་འབྲེལ་སྒོ་ནས་ནུས་ཤུགས་གཙང་མའི་བྱུང་ཁུངས་ཡར་རྒྱས་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ལ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་བཟང་ཕྱོགས་ཀྱི་ཡར་ལན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་རིང་མིན་ཕ་རན་སིའི་རྒྱལ་ས་པེ་རིས་ནང་འཚོགས་རྒྱུའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་སྐབས་གཞི་རྒྱ་ཆེ་བ་དང་དོན་ཕན་ལྡན་པའི་གྲུབ་འབྲས་ཡོང་རྒྱུ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གདོང་ལེན་བྱེད་ཕྱིར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་སྤྱི་དང་ལྷག་དོན་དུ་དབུལ་ཞིང་ཕོང་པའི་རྒྱལ་ཁབ་ཁག་དང་མཚོ་གླིང་རྒྱལ་ཁབ་ཆུང་ཚགས་ཁག་ལ་དཔལ་འབྱོར་དང་བཟོ་རྩལ་རིག་གནས་དགོས་པར་དོ་སྣང་ཆེ་བ་གནང་བའི་ཐུགས་རེ་གནང་གི་ཡོད་ལུགས་གསུངས་འདུག་ འདི་ལོའི་ཕྱི་ཟླ་༡༢་པའི་ནང་ཕ་རན་སིའི་རྒྱལ་ས་པེ་རེས་ལ་འཛམ་གླིང་གི་ཚ་དྲོར་ཕར་ནས་གནམ་གཤིས་ལ་འགྱུར་ལྡོག་འགྲོ་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ཚོགས་ཆེན་འཚོགས་འཆར་ནང་རྒྱལ་ཁབ་༢༠༠་ལྷག་གི་སྐུ་ཚབ་འཐུས་མི་ལྷན་བཞུགས་གནང་འཆར་ཡོད་པ་རེད་ རྒྱ་གར་གྱིས་ད་བར་དུ་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་རྒྱུའི་འཆར་གཞི་ཁག་མཉམ་འབྲེལ་རྒྱལ་ཚོགས་ལ་མ་ཕུལ་མཁན་གྱི་རྒྱལ་ཁབ་ཆེ་གྲས་ནང་ནས་གཅིག་ཡིན་པའི་གནས་ཚུལ་འདུག།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།