རྒྱ་ནག་གི་དྲག་མནོན་འོག་འདས་པའི་ལོ་གསུམ་ནང་བོད་མི་༤༠་ལྷག་གར་སོང་ཆ་མེད་དུ་གྱུར།
འདས་པའི་ལོ་གསུམ་ནང་བོད་ནང་གི་བོད་མི་༤༠་ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཤེས་རྟོགས་བྱུང་ཡོད་འདུག
ཕྱི་ཟླ་༨་ཚེས་༣༠་ཉིན་ནི་རྒྱལ་སྤྱིའི་གར་སོང་ཆ་མེད་ཀྱི་ཉིན་མོ་ཡིན་པས་འཛམ་གླིང་གང་སར་སྲིད་གཞུང་དང་སྒྲིག་འཛུགས་འདྲ་མིན་གྱིས། ཆབ་སྲིད་དང་འབྲེལ་བའི་གནད་དོན་སོགས་ལ་ཁག་བཞག་སྟེ། མི་གང་བྱུང་འཛིན་བཟུང་བཙན་ཁྲིད་དང་གར་སོང་ཆ་མེད་དུ་གྱུར་བཞིན་པ་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབ་ཆེན་གཏོང་བཞིན་པ་འགོག་ཐབས་སུ། རྒྱལ་སྤྱིའི་གར་སོང་ཆ་མེད་ཀྱི་ཉིན་མོ་སྲུང་བརྩི་གནང་གི་ཡོད་པ་བཞིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་རྒྱ་ནག་གི་དྲག་གནོན་འོག་ནས་འདས་པའི་ལོ་ངོ་གསུམ་ནང་། བོད་ནང་བོད་མི་གྲངས་༤༠་ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ་ཤེས་རྟོགས་བྱུང་བ་དང་། རྒྱ་ནག་གཞུང་གིས་བོད་མི་རྣམས་འཛིན་བཟུང་དང་བཙོན་དུ་འདས་གྲོངས་སོང་བའི་གནས་ཚུལ་རྣམས་ཟླ་བ་མང་པོ་རྗེས་ནས་མ་གཏོགས་ཤེས་རྟོགས་དཀའ་བའི་གནས་སུ་ཡོད་པ་དང་། ད་དུང་བོད་མི་མང་དག་ཅིག་མུ་མཐུད་དུ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བཞིན་ཡོད་སྐོར་ཐེར་འདོན་བྱས་འདུག་ལ། རྒྱ་ནག་གཞུང་གིས་ད་བར་འཛིན་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་ཚོའི་ཁྲོད་ནས། མི་ལོ་༢༠་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དཀོན་མཆོག་ཉི་མ་ལགས་ཉིས་སྟོང་བརྒྱད་ཀྱི་ཡར་ལངས་རྗེས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་གྱུར་ཡོད་པ་དང་། ཡང་རྔ་བ་ཀིརྟི་དགོན་པའི་གྲྭ་བསྟན་འཛིན་དགེ་ལེགས་ལགས་སྤྱི་ལོ་༢༠༡༨་ལོར་འཛིན་བཟུང་རྗེས། གར་སོང་ཆ་མེད་དུ་གྱུར་པ་ཡོད་པ་མ་ཟད། སྤྱི་ལོ་༢༠༡༡་ལོར་འཛིན་བཟུང་བྱས་པའི་བློ་བཟང་རྒྱ་མཚོ་དང་། རྡོ་རྗེ་སོགས་ཀྱི་གནས་ཚུལ་ད་སྔ་ཤེས་རྟོག་གང་ཡང་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ཕྱི་ལོ་༢༠༡༩་ནག་ཆུ་ནས་ཡིན་པ་ནོར་བཟང་ལགས་དང་ལྷ་དར་ལགས་གཉིས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁོང་གཉིས་རྒྱ་ནག་དམར་ཤོག་གཞུང་བཙུགས་ནས་མི་ལོ་༧༠་འཁོར་བའི་རྒྱལ་སྟོན་དུས་ཆེན་ཟེར་བ་དང་འབྲེལ་ནས་འཛིན་བཟུང་བྱས་ཡོད་དང་། ནོར་བཟང་ལགས་བཙོན་ཁང་དུ་མནར་གཅོད་བཏང་རྐྱེན་འདས་གྲོངས་སུ་སོང་ཡོད་པ་རེད།
དེའི་ཐད་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཉེས་མིང་སྣ་ཚོགས་ལ་ཁ་གཡར་ནས་བོད་ནང་གི་བོད་མི་ཚོ་འཛིན་བཟུང་བཙན་ཁྲིད་ཀྱིས། ཐ་ན་བོད་མི་དེ་དག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཙམ་ཡང་ཕྱི་བསྒྲགས་མི་ཆོག་པ་སོགས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཉིན་རེ་བཞིན་ཇེ་སྡུག་དང་འགྲོ་བཞིན་ཡོད་སྐོར་བརྗོད་བྱུང་།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཆིངས་ཁག་ལ་བརྩི་བཀུར་བྱས་ཏེ་བོད་ནང་དུ་བཙན་དབང་འོག་ནས་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་དང་། ཁོང་ཚོའི་གནས་སྟངས་གང་ཅིའི་ཐད་ཕྱི་གསལ་ནང་གསལ་བཟོ་དགོས་པའི་འབོད་སྐུལ་བྱས་འདུག
རྒྱལ་སྤྱིའི་གར་སོང་ཆ་མེད་ཀྱི་ཉིན་མོ་ནི། སྤྱི་ལོ་༡༩༩༢་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས། བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དང་གསང་བའི་བཙོན་འཇུག་སོགས་འགོག་ཐབས་ཀྱི་ཆེད། གྲོས་ཆོད་ཀྱི་ལམ་ནས་གཏན་འབེབས་སྲུང་བརྩི་བྱ་དགོས་པ་གཏན་འཁེལ་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།