རྒྱལ་སྤྱིའི་གར་སོང་ཆ་མེད་ཀྱི་ལས་དོན་ཚོགས་ཆུང་བོད་ནང་གཏོང་དགོས།
2018.08.30

བོད་མི་ཚོས་རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་ནས་གནོད་འཚེ་ཕོག་པའི་རྗེས་དྲན་ཉིན་མོ་སྲུང་བརྩི་བྱས་འདུག
དེ་ཡང་ཕྱི་ཟླ་༨ཚེས་༣༠ནི་རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་ནས་གནོད་འཚེ་ཕོག་པའི་མི་རྣམས་ལ་རྗེས་དྲན་ཞུ་བའི་ཉིན་མོ་ཡིན་སྟབས་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་དགུ་བཅུ་གསུམ་ཚོགས་པས། བོད་ནང་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་གར་སོང་ཆ་མེད་དུ་གྱུར་བ་རྣམས་ལ་རྗེས་དྲན་དང་སྦྲགས་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གར་སོང་ཆ་མེད་ཀྱི་ལས་དོན་ཚོགས་ཆུང་བོད་ནང་གཏོང་དགོས་པའི་ས་རྟགས་འདུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་འདུག
བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས། ཀུན་གཟིགས་པན་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་བཅུ་ཕྲག་གཉིས་ལྷག་འགྲོ་གི་ཡོད་ཀྱང་ད་དུང་གནས་སྟངས་གསལ་པོ་མེད་པར་སོང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གར་སོང་ཆ་མེད་ལས་དོན་ཚོགས་ཆུང་ནས་བོད་དང་རྒྱ་ནག་ནང་རྟོགས་ཞིབ་ཆེད་ཕེབས་ཐུབ་པ་གནང་རོགས་ཞེས་རེ་བསྐུལ་ཞུ་གི་ཡོད་ཅེས་གསུངས་འདུག དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་ནས་མནར་གཅོད་འོག་གར་སོང་ཆ་མེད་དུ་སོང་བའི་གནས་སྟངས་དང་འབྲེལ་ནས་རྒྱ་ནག་གཞུང་ལ་དམིགས་བཀར་རྒྱ་ནག་གར་སོང་ཆ་མེད་དུ་གྱུར་བའི་མི་ཚོའི་གནས་བབས་གསལ་འདོན་དགོས་པའི་དགོས་འདུན་བཏོན་པ་དེ་ནི་བོད་ཀྱི་གནས་སྟངས་དང་ཡང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་པ་གསུངས་ཡོད་པ་རེད།
བོད་ཀྱི་དགུ་བཅུ་གསུམ་ཆབ་སྲིད་བཙོན་ཟུར་ཚོགས་པས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གར་སོང་ཆ་མེད་ཀྱི་ཆིངས་ཡིག་ལ་ས་རྟགས་མ་བཀོད་པར་གཡོལ་ཐབས་བྱས་པ་དང་། རྒྱ་གཞུང་གིས་ཉེས་ཁྲིམས་༧༣ནང་གསལ་གར་སོང་ཆ་མེད་དེ་ཁྲིམས་མཐུན་ལྟ་བུ་བཟོས་ཡོད་སྟབས་ཁྲིམས་གཞི་དེ་ཡང་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།
བོད་ནང་ཕྱི་ལོ་༢༠༠༨ལོ་ནས་བཟུང་ད་བར་གར་སོང་ཆ་མེད་དུ་གྱུར་པའི་མིའི་གྲངས་འབོར་དེ་ལྔ་བཅུ་ང་གྲངས་ཞིག་ཆགས་ཀྱི་ཡོད་པ་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ཚོད་དཔག་བྱས་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།