བློན་ཆེན་ཟུར་པ་མཚོ་སྣ་རིན་པོ་ཆེ་གློ་བུར་དགོངས་པ་རྫོགས་འདུག


2014.05.19
བློན་ཆེན་ཟུར་པ་མཚོ་སྣ་རིན་པོ་ཆེ་རྒྱ་གར་རང་བཙན་ཉིན་མོར་གཏམ་བཤད་གནང་བཞིན་པ། ༢༠༠༩ བློན་ཆེན་ཟུར་པ་མཚོ་སྣ་རིན་པོ་ཆེ་རྒྱ་གར་རང་བཙན་ཉིན་མོར་གཏམ་བཤད་གནང་བཞིན་པ། ༢༠༠༩
པར། བྱམས་བརྩེ།

བློན་ཆེན་ཟུར་པ་མཚོ་སྣ་རིན་པོ་ཆེ་གློ་བུར་ལྡི་ལི་ནས་དགོངས་པ་རྫོགས་པས་སྤྱི་ཚོགས་ཁྲོད་ཡོད་མི་ཆེས་བའི་གནས་སུ་གྱར་འདུག
དེ་ཡང་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་མཚོ་སྣ་རིན་པོ་ཆེ་འདི་ཟླའི་ཚེས༡༦ཉིན་རྒྱལ་ས་ལྡི་ལིར་གློ་བུར་དགོངས་པ་རྫོགས་པའི་གནས་ཚུལ་བྱུང་ཡོད་པ་དང་། དེའི་ཐད་རྒྱ་གར་གྱི་དུས་བབ་Times Of Indiaསོགས་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྣ་རིན་པོ་ཆེ་མཆོག་ལྡི་ལི་གསར་པའི་གཟིམ་ཤག་ཏུ་རང་ཤི་བསྐྱོན་ཡོད་པ་དང་། ད་ལྟ་ཉེན་རྟོག་པས་ཁོང་གི་གྲོངས་རྐྱེན་གང་ཡིན་ལ་མུ་མཐུད་རྩད་ཞིབ་བྱེད་བཞིན་པ་དང་། ཁོང་གི་བཞུགས་ཤག་ནས་རྙེད་སོན་བྱུང་བའི་བོད་ཡིག་ཕྱག་བྲིས་ཡི་གེ་ཞིག་ཡོད་པར་ཁྲིམས་དོན་སྨན་སྦྱོར་གྱི་རྟག་ཐབས་forensic examinationཞེས་བ་སྤྱད་དེ་བརྟག་དཔྱད་བྱེད་བཞིན་ཡོད་པ་ལས་ཞིབ་ཕྲ་གསལ་བོ་མེད་པ་རེད།
གནས་ཚུལ་དེའི་ཐད་མངའ་སྡེའི་སྲིད་སྐྱོང་མཆོག་མཆོག་གིས། རིན་པོ་ཆེ་དམ་པས་མངའ་སྡེའི་ནང་བློན་ཆེན་གྱི་ཐུགས་འགན་བཞེས་པའི་སྐབས་སྤྱི་ཚོགས་ཀྱི་གནས་སྟངས་ཧ་ཅང་ཡར་རྒྱས་གཏོང་གནང་མཛད་ཡོད་པའི་བསྔགས་བརྗོད་གནང་ཡོད་འདུག དེ་དང་ཕྱོགས་མཚུངས་སྤྱི་ཁྱབ་བློན་ཆེན་མཆོག་གིས། མངའ་སྡེའི་ནང་འདས་པའི་ཟླ་བ་གཅིག་ཙམ་རིང་འོས་བསྡུའི་ལས་དོན་གཉེར་ནས་བྲེལ་ཟིང་ཆེན་པོ་ཆགས་ཡོད་པ་དང་། ད་ཆ་ལྷིང་འཇགས་བྱུང་བའི་དུས་ཚོད་འདིར་ང་ཚོའི་མངའ་སྡེ་ལ་གཏམ་མི་སྙན་པ་འདི་འདྲ་ཞིག་གོ་ཐོས་བྱུང་བ་ནི་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཞིག་རེད་ཅེས་གསུངས་ཡོད་པ་རེད། མཚོ་སྣ་རིན་པོ་ཆེ་མཆོག་ཨ་རུ་ན་ཅལ་མངའ་སྡེའི་ནང་། ཡུལ་སྐོར་སྤྲོ་འཆམ་དང་། གློག་འདོན་ནུས་ཤུགས་ཀྱི་བློན་ཆེན་སོགས་རིམ་པ་གནང་མྱོང་ཡོད་པ་དང་། དེ་སྔ་དུས་རབས་ཉེར་གཅིག་པ་ཤར་བའི་དུས་ཚིགས་སུ་་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ནང་ཞི་བདེའི་ལྷན་ཚོགས་སྐབས་ཧི་མ་ལ་ཡའི་རི་བརྒྱུད་ནས་སྐུ་ཚབ་མཉམ་ཞུགས་གནང་མཁན་ཐོག་མ་དེ་ཡང་གྱུར་ཡོད་པ་རེད། མཚོ་སྣ་རིན་པོ་ཆེ་དམ་པ་དེའི་སྐུ་ཕུང་ལྡི་ལི་ནས་འབུམ་སྡེ་ལ་བར་གདན་འདྲེན་ཞུ་བར་བློན་ཆེན་པད་མ་མཁའ་འགྲོ་དང་། ས་གནས་གྲོས་ཚོགས་འཐུས་མི་ཕུར་བུ་ཚེ་རིང་རྣམ་གཉིས་བཅར་ཡོད་པ་དང་།
ད་རེས་དགུང་ན་ཆུང་བའི་མཚོ་སྣ་རིན་པོ་ཆེ་མཆོག་གློ་བུར་དགོངས་པ་རྫོགས་པར་ཨ་རུ་ན་ཅལ་མངའ་སྡེ་སྤྱི་དང་ལྷག་པར་དུ་མོན་པའི་མི་རིགས་ཚོས་བློ་ཕམ་ཆེན་པོ་དང་ཡིད་མི་ཆེས་པའི་གནས་སུ་གྱུར་ཡོད་འདུག
མཚོ་སྣ་རིན་པོ་མཆོག་ནི། ༡༩༦༩ ལོའི་ཟླ་༨པའི་ཚེས་༡༩ ཉིན་མོན་རྟ་དབང་སྙེ་གསར་རྫོང་པ་མཚོ་གྲོང་ཚོར་སྐུ་འཁྲུངས་རྗེས། ༧གོང་ས་མཆོག་གིས་མཚོ་སྣ་བ་རྗེ་བཙུན་ཤེས་རབ་བཟང་པོ་མཆོག་གི་སྐུ་ཕྲེང་༡༣ པར་ངོས་འཛིན་དང་། འབྲས་སྤུངས་བློ་གསལ་གླིང་ནས་གཞུང་ཆེན་བཀའ་པོད་ལྔར་བསླབ་པ་མཐར་སོན་གནང་སྟེ་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་བཞེས་ཡོད། དུས་རྒྱུན་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་དང་༧གོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག ༢༠༠༤ ལོར་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་དང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་བཅས་གནང་བ་དང་། དེ་བཞིན་ཧི་མ་ལ་ཡའི་ནང་པའི་རིག་གཞུང་ཚོགས་པའི་ཚོགས་གཙོའི་ཐུགས་འགན་ཡང་བཞེས་མྱོང་ཡོད་པ་རེད།

གསར་འགོདཔ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎