རྒྱ་ནག་གཞུང་ཕྱོགས་ནས་རྟོག་ཞིབ་རིང་གཏེར་ཁ་སྔོག་རྒྱུ་མཚམས་འཇོག་བྱས་འདུག
2017.08.17
རྒྱ་ནག་ཟི་ཁྲོན་ཞིང་ཆེན་ནས་སྔོག་འདོན་བྱེད་ཀྱི་ཡོད་པའི་ཏི་ཚ་དང་ཞ་ཉེའི་གཏེར་ཁ་སྔོག་འདོན་ལས་གཞི་ཁག་གཞུང་ཕྱོགས་ནས་ཞིབ་རྟོག་ཚན་པའི་ལས་དོན་སྤེལ་བའི་རིང་གནས་སྐབས་སྔོག་འདོན་མཚམས་འཇོག་བྱས་ཡོད་འདུག
དེ་ཡང་ད་ལོ་ཕྱི་ཟླ་བརྒྱད་པ་དང་དགུ་པའི་ནང་། རྒྱ་ནག་ཟི་ཁྲོན་ཞིང་ཆེན་ཁོངས་ཀྱི་ཞ་ཉེ་དང་ཏི་ཚའི་གཏེར་ཁ་སྔོག་འདོན་རྒྱུན་ལྡན་ལས་ཉུང་དུ་འགྲོ་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་འདུག་ཅིང་། ཟི་ཁྲོན་ཞིང་ཆེན་ཁོངས་སུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཁག་ལ་གཞུང་ཕྱོགས་ཀྱིས་ཞིབ་རྟོག་བྱ་རྒྱུའི་ཆེད་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་མཚམས་འཇོག་བྱས་པར་བརྟེན། ཞ་ཉེ་དང་ཏི་ཚ་སྔོག་འདོན་རྒྱུན་ལྡན་ལས་བརྒྱ་ཆ་༦༠་ཙམ་ཉུང་དུ་ཕྱིན་ཡོད་འདུག གཏེར་ཁའི་ལས་གཞིར་ཞིབ་རྟོག་གི་ལས་དོན་དེ་བཞིན་ཕྱི་ཟླ་བརྒྱད་པའི་ཚེས་༧་ནས་འགོ་ཚུགས་ཡོད་པའི་སྐོར་Hellenic Shipping གསར་འགྱུར་དྲ་གནས་ཐོག་སྤེལ་བའི་སྙན་ཐོའི་ནང་བཀོད་ཡོད་འདུག
རྟོག་ཞིབ་ལས་དོན་དེ་བཞིན་རྒྱ་ནག་དབུས་གཞུང་ཁོར་ཡུག་སྲུང་སྐྱོབ་ལས་ཁང་གིས་ཟླ་བ་འདིའི་ཟླ་སྟོད་ནས་ལས་དོན་སྤེལ་འགོ་ཚུགས་ཡོད་པ་དང་། དུས་སྐབས་དེ་དང་བསྟུན་ནས་ཞ་ཉེ་དང་ཏི་ཚ་སྔོག་འདོན་བྱེད་མཁན་གྱི་ཚོང་གཉེར་ཁང་ཁག་ཅིག་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཆེ་བ་ཁག་གནས་སྐབས་མཚམས་འཇོག་བྱས་ནས་གཞི་རྒྱ་ཆུང་ངུའི་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་པ་རེད།
ཕྱི་ཟླ་བརྒྱད་པའི་ཚེས་༧་ནས་བཟུང་རྒྱ་ནག་དབུས་ཁོར་ཡུག་སྲུང་སྐྱོབ་ལས་ཁང་གི་བརྟག་དཔྱད་བྱེད་མི་ཚོས་བོད་དང་། ཟི་ཁྲོན། མཚོ་སྔོན། ཤིན་ཅང་། ཇིའི་ལིང་། གྲའ་ཅང་། ཧྲན་ཏུང་། ཧད་ནན་བཅས་རྒྱ་ནག་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་བརྒྱད་ཙམ་ནང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཁག་ལ་ཁོར་ཡུག་ལ་གནོད་ཚབས་ཇི་ཆགས་ཀྱི་རྟོག་ཞིབ་བྱ་ཡུལ་བཙུགས་ཡོད་པ་དང་། ན་ནིང་ལོར་རྒྱ་ནག་གི་གཏེར་ཁ་སྔོག་འདོན་གྱི་ཐོན་འབབ་ཀྱི་བརྒྱ་ཆ་༡༡ལྷག་ཙམ་ཏི་ཚ་ཡིན་པ་དང་ཁྱོན་ཀྲོན་ས་ཡ་བཞི་དང་གྲངས་ཆུང་དྲུག་ལྷག་ཟིན་ཡོད་པ་རྒྱལ་ཁབ་འཕེལ་རྒྱས་དང་མ་རྩ་འཛུགས་འཇོག་ལས་ཁང་གིས་བཏོན་པའི་སྙན་ཐོའི་ནང་བཀོད་ཡོད་པ་རེད། ཟི་ཀྲོན་ཞིང་ཆེན་དེ་བཞིན་ཏི་ཚ་དང་ཞ་ཉེའི་རིགས་ཀྱི་གཏེར་ཁའི་ཐོན་ཁུངས་ཡོད་པའི་ཞིང་ཆེན་ལྔའི་ནང་ནས་ཏི་ཚ་དང་ཞ་ཉེ་མང་ཤོས་སྔོག་འདོན་བྱེད་མཁན་གྱི་ཞིང་ཆེན་ཞིག་ཡིན་པ་རེད།
གསར་འགོད་པ་འཆི་མེད།