ཨ་སྒོར་ས་ཡ་གཅིག་དང་ཁྲི་ལྔར་རིན་བསྡུར་གནང་བའི་ལི་སྐུ།


2016.10.14

རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གི་ལི་མའི་སྐུ་འདྲ་ཞིག་ལ་ཨ་སྒོར་ས་ཡ་གཅིག་དང་ཁྲི་ལྔར་རིན་བསྡུར་ཚོང་བསྒྱུར་བྱས་འདུག།
དེ་ཡང་གནས་ཚུལ་ཐོན་པ་ལྟར་ན་Sothebys་ཞེས་པའི་ཨ་རི་དང་དབྱིན་ཡུལ་བཅས་སུ་ཡོད་པའི་སྒྱུ་རྩལ་ལྟེ་གནས་ཁང་དེས་རིང་གོང་རིམ་སྤར་བརྒྱུད་ནས་རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གི་ལི་སྐུ་དེ་བཙོང་བ་ཞིག་རེད་འདུག་ཅིང་། སྤྱི་ཟླ་༩་པའི་ཚེས་༢༡་ཉིན་དངོས་རྗས་ཆེད་ལས་པ་Jacquelin Deniss་ལགས་ཀྱིས་སྤེལ་བའི་གནས་ཚུལ་ནང་། གོང་ཚད་རིམ་སྤར་བྱས་ཏེ་མཐར་གོང་ཚད་མཐོ་ཤོས་སྤྲོད་མི་དེ་ལ་ཚོང་བསྒྱུར་ཐོག་ནས་དུས་རབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་སྐབས་སུ་བཟོ་བསྐྲུན་ཞུས་པའི་རྒྱལ་མཆོག་སྐུ་ཕྲེང་༥་བའི་ལི་མའི་སྐུ་འདྲ་དེ་ལ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་མ་གནས་ཐོག་བཙོང་འདུག།
འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་དེ་བདེན་པ་ཡིན་མིན་གྱིས་ཁ་པར་བརྒྱུད་འབྲེལ་ཡོད་ལ་དྲི་ཞིབ་སྐབས་སུ། འབྲེལ་ཡོད་ཚོང་བསྒྱུར་སྡེ་ཚན་གྱི་མི་སྣས་ལི་སྐུ་དེ་ལ་མ་གནས་གོང་ཚད་དེ་དངོས་འབྲེལ་ཡིན་པ་དང་། ཡིན་ནའང་ལི་སྐུ་དེ་ཉོ་སྒྲུབ་བྱེད་མཁན་སུ་ཡིན་མིན་གསང་བ་ཡིན་སྟབས་འགྲེལ་བཤད་བྱས་མེད་པ་རེད།
Sothebys་སྒྱུ་རྩལ་ལྟེ་གནས་ཁང་དེའི་དངོས་རྫས་ཆེད་ལས་པ་Jacquelin་Deniss་ལགས་ཀྱིས་གོང་ཚད་ཆེན་པོ་དེ་འདྲ་གནས་པའི་རྒྱུ་རྐྱེན་གཙོ་བོ་སྐུ་འདྲ་དེའི་ཐོག་གི་བརྐོས་རིས་ཡི་གེ་ལ་བརྟེན་ནས་རེད་ཅེས་བརྗོད་འདུག། དེའང་བོད་ཡིག་ཐོག་ཡོད་པའི་ཡིག་བརྐོས་རིས་དེའི་ཐོག་ནས་འདྲ་སྐུ་དེས་སུ་ཞིག་མཚོན་གྱི་ཡོད་མེད་དང་། སྐབས་དེར་སྐུ་འདྲ་དེ་སུ་ཞིག་གིས་བཀོད་མངགས་ལྟར་བཟོས་པ། ས་ཆ་གང་དུ་བཟོས་པ། འདྲ་སྐུའི་ནང་གཟུངས་འཇུག་གང་ཡོད་སོགས་ནི་གནད་འགག་ཆེན་པོ་ཞིག་ཡིན་པ་བརྗོད་འདུག།
དེ་ཡང་བརྐོས་རིས་ནང་དོན་ནང་༧རྒྱལ་དབང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་སྐུ་བརྙན་འདི་ལྷ་ས་བྱིད་གླིང་པ་བསམ་གྲུབ་རྒྱལ་པོས་དད་རྟེན་དུ་བཞེངས་པ་དེའི་ནང་བཞུགས་སུ་དེ་བཞིན་བཤེགས་པའི་རིང་བསེལ་འདུས་ཡོད་ལ་རྒྱ་བོད་མཁས་གྲུབ་རྣམས་ཀྱི་བྱིན་རླབས་རྟེན་དང་བརྒྱུད་སྡེ་བཞིའི་ཟུངས་སྔགས་སོགས་དང་རབ་གནས་ཀྱང་གནང་བ་སོགས་འཁོད་ཡོད་པ་རེད།
ངོ་མཚར་ཅན་གྱི་རྒྱལ་མཆོག་སྐུ་ཕྲེང་ལྔ་བའི་ལི་མའི་སྐུ་འདྲ་དེ་ཐོག་མ་Italy་ཨི་ཊ་ལིའི་ནང་མི་གནའ་རྫས་བསྡུ་རུབ་མཁན་ཞིག་གིས་སྤྱི་ལོ་༡༩༦༠་ལོར་ལག་ཐོབ་བྱུང་ཡོད་པ་ཞིག་དང་། ད་ལན་གོང་ཞུས་Sothebys་ཞེས་པའི་སྒྱུ་རྩལ་དངོས་རིགས་ལྟེ་གནས་ཁང་གི་ཧེ་མ་ལ་ཡ་དང་ཨེ་ཤེ་ཡ་ཚན་པས་ཚོང་རོགས་གནང་པ་ཞིག་ཡིན་འདུག།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎