རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་པ་ཤར་ཏུར་ཀི་སི་ཐན་ནང་གཟིགས་སྐོར་དུ་ཕེབས་རྒྱུར་རྒྱ་ནག་གཞུང་གིས་མོས་མཐུན་བྱས་འདུག

2022.01.28
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་པ་ཤར་ཏུར་ཀི་སི་ཐན་ནང་གཟིགས་སྐོར་དུ་ཕེབས་རྒྱུར་རྒྱ་ནག་གཞུང་གིས་མོས་མཐུན་བྱས་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ Michelle Bachelet མཆོག
ཨེ་ཨེཕ་པི།

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་པ་ཤིང་ཅང་ངམ་ཤར་ཏུར་ཀི་སི་ཐན་ཁུལ་དུ་གཞུང་འབྲེལ་མཚམས་གཟིགས་གནང་རྒྱུར་རྒྱ་ནག་གཞུང་གིས་མོས་མཐུན་བྱས་འདུག འོན་ཀྱང་ནུབ་ཕྱོགས་ཡུལ་གྲུ་ཁག་གི་གཞུང་འབྲེལ་མི་སྣ་དང་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོས་རྒྱ་ནག་གི་ཁས་ལེན་ལ་ཐེ་ཚོམ་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག
རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ནས་ཤར་ཏུར་ཀི་སི་ཐན་ནང་ཡུ་གུར་བ་གཙོ་བོར་གྱུར་བའི་ཁ་ཆེ་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་ནའང་། རྒྱ་ནག་གཞུང་ནས་དེ་ལྟར་དངོས་འབྲེལ་མིན་ལུགས་ཀྱི་ལན་འདེབས་བྱེད་བཞིན་ཡོད་པ་རེད། ཚེས་༢༨ཉིན་ རོཡ་ཊརསི་གསར་ལས་ཁང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་སྔ་དྲོའི་ཕོ་ཉ་ཞེས་པའི་གསར་ཤོག་གི་གནས་ཚུལ་ལུང་འདྲེན་བྱས་པ་ལྟར་ན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་Michelle Bachelet མཆོག་གིས་ལོ་མང་རིང་ནས་ཤར་ཏུར་ཀི་སི་ཐན་ནང་རང་དབང་ལྡན་པའི་སྒོ་ནས་གཞུང་འབྲེལ་རྟོག་ཞིབ་ཏུ་སྐོར་བསྐྱོད་གནང་རྒྱུའི་ཆེད་རྒྱ་ནག་གཞུང་དང་གྲོས་མོལ་གནང་ཡང་། རྒྱ་ནག་གཞུང་ནས་སྐོར་བསྐྱོད་གནང་ཕྱོགས་ཀྱི་ཆ་རྐྱེན་ལ་བརྟེན་ནས་དོན་འབྲས་བྱུང་མེད་པ་རེད། འོན་ཀྱང་ ཉེ་ཆར་རྒྱ་ནག་གཞུང་ནས་ཕྱི་ཟླ་༢ ཚེས་༢༠ ཉིན་པེ་ཅིང་རྒྱལ་སྤྱིའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་མཇུག་སྒྲིལ་མཚམས་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ Michelle Bachelet ཤར་ཏུར་ཀི་སི་ཐན་ནང་གཟིགས་སྐོར་དུ་ཕེབས་ཆོག་པའི་བཀའ་འཁྲོལ་གནང་ཡོད་པ་རེད། འོན་ཀྱང་གཟིགས་སྐོར་དེ་བཞིན་མཛའ་འབྲེལ་གྱི་རྣམ་པའི་ཐོག་ནས་མ་གཏོགས་ཞིབ་འཇུག་གི་ངོ་བོའི་ཐོག་ནས་མིན་པ་མ་ཟད། སྐོར་བསྐྱོད་ཀྱི་རྗེས་སུ་ཤར་ཏུར་ཀི་སི་ཐན་ནང་གི་གནས་སྟངས་སྐོར་སྙན་ཐོ་འདོན་སྤེལ་བྱེད་མི་ཆོག་པའི་ཆ་རྐྱེན་བཏོན་ཡོད་པ་གནས་ཚུལ་ནང་གསལ་འདུག མིང་འདོན་མ་བྱས་པའི་ནུབ་ཕྱོགས་ཡུལ་གྲུའི་གཞུང་འབྲེལ་མཐོ་རིམ་མི་སྣ་ཞིག་གིས་སྔོན་ཆད་རྒྱ་ནག་གཞུང་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབར་ཤར་ཏུར་ཀི་སི་ཐན་ནང་གཟིགས་སྐོར་གནང་ཕྱོགས་ཐད་གྲོས་མོལ་རིམ་པ་བྱུང་བའི་བརྒྱུད་རིམ་ལ་གཞིགས་ཚེ། ད་རེས་ཁུལ་དེར་སྐོར་བསྐྱོད་ཆོག་པའི་གནས་ཚུལ་དེ་ཁུངས་བདེན་ཇི་ཙམ་ཡིན་མིན་དེ་ཐེ་ཚོམ་སྐྱེ་དགོས་པ་ཞིག་རེད་ཅེས་གསུངས་ཡོད་པ་དང་། ཡང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ལས་དོན་གྱི་འགན་འཛིན་Sophie Richardson ལགས་ཀྱིས་དགུན་དུས་ཀྱི་རྩེད་འགྲན་ཚོགས་ལ་ཉེ་བའི་སྐབས་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་དམིགས་ནས་གཡོ་ཇུས་ཀྱི་སྲིད་ཇུས་འདོན་བཞིན་པར་བརྟེན་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་མཆོག་རྒྱ་ནག་གི་མགོ་སྐོར་བསླུ་ཁྲིད་འོག་མ་ཚུད་རྒྱུར་དོགས་ཟོན་བྱེད་གལ་ཆེ་བའི་འབོད་སྐུལ་གནང་འདུག།

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎