ཨ་མི་རི་ཀའི་སྲིད་འཛིན་གཞོན་པས་ཆོས་དད་རང་དབང་ཐད་རྒྱ་ནག་ལ་སྐྱོན་བརྗོད།
2018.07.26

ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་(Michael Pence)མཆོག་གིས་བོད་ནང་དུ་ཆོས་དད་རང་དབང་གི་དཀའ་ངལ་འཕྲད་ནས་མི་ལོ་བདུན་ཅུ་ཕྱིན་ཡོད་པ་གསུངས་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་འདུག
དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཆེས་མཐོའི་ཚོགས་འདུ་དེ་བཞིན་ཕྱི་ཟླ་ ༧ ཚེས་ ༢༤ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༦ བར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བསྐོང་ཚོགས་གནང་ཞིང་། ཚོགས་འདུ་ཉིན་མཐའ་མའི་ཉིན་ཨ་རིའི་སྲིད་འཛིན་གཞོན་པ་(Michael Pence)མཆོག་དང་ཨ་རིའི་ཕྱི་སྲིད་བློན་ཆེན་མཡིཀ་པོམ་པེའོ་རྣམ་གཉིས་ནས་གསུང་བཤད་གནང་ཡོད་པ་རེད། སྲིད་འཛིན་སྐུ་གཞོན་ མཡིཀ་པེནསྀ་མཆོག་གི་གསུང་བཤད་ནང་། ཨ་རིའི་ཊམྤ་སྲིད་གཞུང་གི་ངོས་ནས་འཛམ་གླིང་གི་ཆོས་དད་རང་དབང་ཐད་ལ་དོ་འཁུར་ཆེན་པོ་བཞེས་གནང་གི་ཡོད་པ་སོགས་ངོ་སྤྲོད་གནང་བའི་ཁྲོད་དུ། བོད་འདི་རྒྱ་ནག་གི་འོག་ལ་ལོ་ངོ་ ༧༠ མིན་ཙམ་གྱི་རིང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བའི་དཀའ་སྡུག་མྱངས་ཡོད་པ་རེད་ཅེས་གསུངས་ཏེ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་བ་དང་། དེ་འདྲའི་དཀའ་སྡུག་འོག་གི་མི་སྣ་ཚོ་དང་མཉམ་དུ་ཨ་རིའི་གཞུང་མང་ནས་གདུང་སེམས་མཉམ་སྐྱེད་གནང་བཞིན་ཡོད་ཅེས་གསུངས་པར་མ་ཟད། རྒྱ་ནག་རྒྱལ་ཁབ་དེ་བཞིན་ ༡༩༩༩ ནས་ད་བར་བསྟུད་མར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ལོ་ལྟར་བཏོན་པའི་རྒྱལ་སྤྱིའི་ནང་ཆོས་དད་རང་དབང་གི་དཀའ་སྡུག་ཡོད་པའི་རྒྱལ་ཁབ་ཀྱི་ཐོ་གཞུང་ནང་དུ་སླེབས་ཀྱི་ཡོད་པ་སོགས་ཐེར་འདོན་གནང་ཡོད་པ་རེད།
ཁོང་གིས་ད་དུང་། བོད་ནང་གི་དཀའ་སྡུག་མྱོང་བའི་ལོ་རྒྱུས་ཁག་ངོ་སྤྲོད་ཆེད་ད་རེས་ཀྱི་ཆེས་མཐོའི་ལྷན་ཚོགས་འདིའི་ཐོག་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྐུ་ཞབས་མགོ་ལོག་འཇིགས་མེད་ལགས་ཀྱི་མཚན་ཟུར་བཏོན་གནང་སྟེ་ད་རེས་ཀྱི་ཚོགས་འདུར་ཕེབས་པར་དགའ་བསུ་དང་ཁོང་གི་སྙིང་སྟོབས་ལ་བསྔགས་བརྗོད་ཀྱང་གནང་སོང་།
ཚོགས་འདུ་མཇུག་སྡོམ་ཀྱི་མཛད་སྒོའི་ཐོག་ཨ་རིའི་ཕྱི་སྲིད་བློན་ཆེན་(Michael Pompeo)མཆོག་གིས། ད་རེས་ཚོགས་འདུ་འདི་ལམ་ལྷོང་ལྡན་པ་ཞིག་བྱུང་བར་བརྟེན། ཚོགས་འདུ་ཐེངས་གཉིས་པ་འདི་ལོ་རྗེས་མར་མུ་མཐུད་ཚོགས་གནང་གཏན་འཁེལ་ཡོད་ཅེས་གསལ་བསྒྲགས་གནང་ཡོད་པ་རེད།
ད་རེས་ཀྱི་ཆེས་མཐོའི་ལྷན་ཚོགས་དེར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆིབས་བསྒྱུར་ཡོང་བའི་གསོལ་འདེབས་ཞུས་ཡོད་ཀྱང་། མཛད་བྲེལ་གྱི་དབང་གིས་དངོས་སུ་ཆིབས་སྒྱུར་བསྐྱངས་གནང་ཐུབ་མེད་ཀྱང་ཚོགས་འདུའི་ཐོག་བརྙན་འཕྲིན་བརྒྱུད་གསུང་འཕྲིན་ཆེད་སྩོལ་དང་། དེ་མོ་སྤྲུལ་སྐུ་བསྟན་འཛིན་ཕུན་ཚོགས་མཆོག་སྐུ་ཚབ་ཏུ་ཆེད་གཏོང་གནང་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ནང་། ཚོགས་ཆེན་འདིའི་ཐོག་ནས་ཆོས་ལུགས་མཐུན་བསྒྲིལ་ལ་ལེགས་སྐྱེས་ཆེན་པོ་ཞིག་འབུལ་ཐུབ་རྒྱུར་ཐུགས་རེ་གནང་ཡོད་ལ། ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་ནས་ཆེ་ས་འགྲོ་བ་མིའི་རིགས་སྤྱི་ལ་ཕན་བདེ་གྲུབ་ཆེད། རང་ཉིད་ཀྱི་ལྟ་གྲུབ་ཁག་ཆོས་ལུགས་ཀྱི་དྲ་ལས་བརྒལ་ནས་ཆོས་ཁས་མི་བླངས་མཁན་ཚོས་ཀྱང་ཉམས་ལེན་ཐུབ་པ་དང་ཁོང་ཚོར་ཕན་ཐོགས་ཡོང་ཐབས་ཐད་དགོངས་བཞེས་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
མཐའ་མའི་མཇུག་སྡོམ་གྱི་ཉིན་གསུམ་པའི་ཚོགས་འདུའི་ཐོག་ལ་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཕྱི་སྲིད་བློན་ཆེན་ཁག་གིས་དབུས་པའི་བློན་ཆེན་མི་སྣ་མཐོ་གྲས་མང་པོ་ཕེབས་ནས་ཚོགས་འདུའི་འབྲུ་དོན་ཁག་ལག་བསྟར་ཇི་འདྲ་གནང་རྒྱུ་ཡིན་མིན་སྐོར་བཀའ་བསྡུར་གནང་སྟེ། ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་གིས་གསུངས་པ་ལྟར་ད་རེས་ཀྱི་ཚོགས་འདུ་འདིའི་ཐོག་ནས་དངོས་སུ་ལག་ལེན་དོན་འཁྱོལ་ལ་དམིགས་བཞིན་ཡོད་སྐོར་གསུངས་པ་བཞིན་དུ། དཀའ་ངལ་ཅན་གྱི་རྒྱལ་ཁབ་ཁག་གི་ནང་དུ་ཡར་རྒྱས་གཏོང་ཕྱོགས་ཐད་ལ་བཀའ་བསྡུར་གནང་སྐབས་རྒྱལ་དབང་༧ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་ཀྱང་ཕེབས་ཞུགས་གནང་ཡོད་པ་རེད་ལ་ཚོགས་འདུར་རྒྱལ་ཁབ་ ༨༠ ནས་ཆོས་ལུགས་མི་འདྲ་བ་ཁག་གི་དབུ་ཁྲིད་དང་སྐུ་ཚབ་སོགས་མི་སྣ་ ༤༠༠ ཙམ་འདུ་འཛོམས་བྱུང་ཡོད།
གསར་འགོད་པ་བཀྲིས་དབང་ཕྱུག