ཨ་རིའི་གྲོས་ཚོགས་འོག་མིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཆོག་གིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར།
ཨ་རིའི་གྲོས་ཚོགས་འོག་མིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ Michael McCaul མཆོག་གིས་ཕྱི་ཟླ་ ༦ པའི་ཚེས་ ༡༡ ཉིན་གྲོས་ཚོགས་འོག་མའི་ཚོགས་དུས་སྐབས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་རྒྱབ་སྐྱོར་གཏམ་བཤད་གནང་སྐབས་སུ་། རྒྱ་ནག་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་འཁྱོག་བཤད་དེར་ཨ་རིའི་གཞུང་གིས་རྩ་བ་ནས་ཁས་ལེན་བྱས་མྱོང་མེད་ཅེས་གསུངས་འདུག
གོ་ཐོས་ལྟར་ན་དེ་རིང་ཕྱི་ཟླ་ ༦ པའི་ཚེས་ ༡༢ ཉིན་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་དེར་ཐག་གཅོད་གཏན་འབེབས་ཀྱིས་ཨ་རིའི་སྲིད་འཛིན་ཀྱི་ཅོག་རྩེའི་ཐོག་ཉིན་གྲངས་ ༡༠ ཡི་ནང་ཚུན་དུ་འབྱོར་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད་འདུག
ཉེ་ལམ་ཕྱི་ཟླ་ ༥ པའི་ཚེས་ ༢༣ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེ་ཧྥི་མག་ལེ་ (Jeff Merkley) ལགས་དང་། སྐུ་ཞབས་ཊོ་ཌི་ཡང་ (Todd Young) ལགས་རྣམ་གཉིས་ནས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ (S.138: Promoting a Resolution to the Tibet-China Dispute Act) ངོ་སྤྲོད་གནང་བ་ལྟར། ཁྲིམས་འཆར་དེར་གྲོས་ཚོགས་གོང་མའི་ནང་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཐོབ་པ་དང་། བོད་དོན་ཁྲིམས་འཆར་དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བསྐྱར་དུ་འཁུར་ཏེ་བསྐྱར་བཅོས་ཚིག་བརྗོད་ལ་ཡང་མང་མོས་རྒྱབ་སྐྱོར་ཐོབ་རྗེས། ཨ་རིའི་སྲིད་འཛིན་ཇོ་བེ་ཌིན་མཆོག་གིས་མཚན་རྟགས་བཀོད་དེ་ཁྲིམས་སུ་གྱུར་གྱི་ཡོད་པ་རེད།
ཁ་སང་ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་འོག་མིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ Michael McCaul མཆོག་གིས་རྒྱབ་སྐྱོར་དགོས་པའི་གཏམ་བཤད་གནང་འདུག སྐབས་དེར་ཁོང་གིས་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེས་བོད་ཀྱི་ལོ་རྒྱུས་སྐོར་རྒྱ་ནག་གིས་ལོག་བཤད་བྱས་པར་ཁ་གཏད་གདོང་ལེན་ཐུབ་པ་དང་། རྒྱ་ནག་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ལུགས་ཀྱི་འཁྱོག་བཤད་དེར་ཨ་རིའི་གཞུང་གིས་རྩ་བ་ནས་ངོས་ལེན་བྱས་མེད་པ་ནི། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག ཆོས་དང་རིག་གཞུང་བཅས་གལ་ཆེ་ཡིན་པའི་སྲིད་ཇུས་གསལ་པོ་བཟོས་ཡོད་པ་མ་ཟད། ཁྲིམས་འཆར་དེས་རྒྱ་ནག་གི་ལོག་བཤད་དྲིལ་བསྒྲགས་ལ་ཨ་རིའི་ཕྱི་འབྲེལ་ཕྱི་སྲིད་ཀྱི་ལམ་ནས་ཁ་གཏད་གདོང་ལེན་དགོས་རྒྱུ་དང་། བོད་མིའི་མ་འོངས་པའི་མདུན་ལམ་ཐད་བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་དགོས་པ། རྒྱ་ནག་དམར་ཤོག་གཞུང་དང་བོད་མིའི་མང་གཙོའི་ལམ་ལུགས་ཀྱི་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བའི་དབུ་ཁྲིད་གཉིས་དབར་གྲོས་མོལ་དགོས་རྒྱུ་སྐོར་བཅས་གསལ་འདོན་གནང་བའི་ཁྲིམས་འཆར་དེས། རྒྱ་ནག་གིས་བོད་མིའི་ཐོག་བཙན་གནོན་གྱི་བྱ་སྤྱོད་ལ་ཁ་གཏད་ཐུབ་པར་བརྟེན་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་དེར་འོས་འཕེན་ནས་རྒྱབ་སྐྱོར་ཡོང་བའི་སྐུལ་མ་གནང་ཡོད་པ་རེད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་དེ་རིང་གཏན་འབེབས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པའི་སྐོར་གསུངས་བྱུང་།
ད་དུང་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ Michael McCaul མཆོག་གིས། རྒྱ་ནག་དམར་ཤོག་ཚོགས་པས་བོད་མིའི་ཐོག་དྲག་གནོན་བྱས་པའི་ལོ་རྒྱུས་རིང་པོ་ཡོད་ཅིང་། ཕྱི་ལོ་༡༩༥༠ ལོའི་ཟླ་བ་བཅུ་པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དམག་དཔུང་གིས་བོད་ནང་བཙན་འཛུལ་བྱས་ཏེ་ཉེས་མེད་ཀྱི་བོད་མི་ཁྲི་ཕྲག་མང་པོ་བསད་པ་དང་། དྲག་གནོན་བྱས་རྐྱེན་མཐར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་དང་། རྒྱ་ནག་གཞུང་གི་བཙན་གནོན་བྱ་སྤྱོད་དུས་ད་ལྟའང་མུ་མཐུད་གནས་ཡོད་ཅེས་དང་། སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་ནག་དམར་ཤོག་ཚོགས་པས་བོད་ཐོག་གི་སྲིད་ཇུས་སྐོར་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་པ་དང་། ཡིག་ཆ་དེའི་ནང་དམར་ཤོག་ཚོགས་པས་བོད་མིའི་ཆོས་དང་རིག་གཞུང་། དེ་བཞིན་རང་དབང་ཐོག་དྲག་གནོན་སྡུག་ཏུ་གཏང་རྒྱུ་ཡིན་པ་གསལ་པོ་ཆགས་ཡོད་ཅེས་དང་། ད་ལན་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ Michael McCaul མཆོག་འཐུས་མི་Jim McGovern ལྷན་དུ་ཁྲིམས་འཆར་འདི་གྲོས་ཚོགས་ནང་སླར་ཡང་ངོ་སྤྲོད་བྱས་པར་སྤོབས་པ་བྱེད་བཞིན་ཡོད་ཅེས་གཏམ་བཤད་གནང་འདུག
གསར་འགོད་པ། རྡོ་རྗེ་དགྲ་འདུལ། ཉི་མ་གཡུ་སྒྲོན།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་པདྨ།