༸སྐུའི་འཁྲུངས་སྐར་ཉིན་བཀའ་ཤག་གི་འཚམས་ཕྲིན་སྐོར།
2011.07.06
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་དགུང་གྲངས་༧༦ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྒོ་གསུམ་གུས་ཕྱག་གྲངས་མེད་དང་བཅས་མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ལ་འཁྲུངས་སྐར་གྱི་འཚམས་ཞུའི་བཀྲིས་བདེ་ལེགས་ཞུས་གནང་བ་དང་། ཆབས་ཅིག། མགོན་པོ་གང་ཉིད་མཁའ་ཁྱབ་སྐྱེ་འགྲོ་ཡོངས་དང༌། ཁྱད་པར་གང་གི་གདུལ་ཞིང་དུ་བདག་གིར་བཞེས་པའི་ཁ་བ་རི་པའི་སྐྱེ་འགྲོ་རྣམས་ཀྱི་སླད། ༧ཞབས་ཟུང་ཚེ་མཐའ་ཡས་པའི་ངོ་བོར་རྟག་བརྟན་གཞོམ་ཞིག་བྲལ་བར་འཚོ་ཞིང་གཞེས་པ་དང༌། རླབས་ཆེན་འཕྲིན་ལས་ཀྱི་མཛད་བཟང་སྙིགས་འགྲོའི་གདུང་བ་སེལ་བའི་དཔྱིད་དུ་རྒྱ་ཆེ་རྒྱུན་མ་ཆད་པར་རྟག་སྐྱོངས་ཡོང་བའི་གསོལ་པ་ཕུར་ཚུགས་སུ་བཏབས་གནང་འདུག།
དེ་བཞིན་བཀའ་ཤག་གི་འཚམས་ཕྲིན་ནང༌། རྒྱ་དམར་གྱིས་བོད་བཙན་བཟུང་བྱས་རྗེས། མགོན་པོ་གང་གིས་ཞུམ་པ་མེད་པའི་ཐུགས་བསྐྱེད་ཀྱིས་བོད་མིའི་ཆོས་དང་རིག་གཞུང༌། ལེགས་བྱང་དང་བཅས་པ་རྩ་བརླག་ཏུ་འགྲོ་བའི་ཉེན་ཁ་ལས་སྐྱོབ་ཆེད་རྒྱ་གར་དུ་༧ཞབས་སོར་འཁོད་དེ། ཕེབས་རྗེས་སུ་བསྙེགས་པའི་བཙན་བྱོལ་བོད་མི་འབུམ་ཕྲག་བརྒལ་བར་སོ་སོའི་གནས་བབ་དང་བསྟུན་པའི་ཆོས་དང་ཟང་ཟིང་གཉིས་ཀས་བསྐྱངས་ཐོག་གཞིས་ཆགས་གསར་འཛུགས་དང༌། རིས་མེད་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་བཤད་སྒྲུབ་ཀྱི་བསྟི་གནས་གདན་ས་གསར་སྐྲུན། ན་གཞོན་ཡོངས་ལ་དེང་རབས་དང་སྲོལ་རྒྱུན་གཉིས་འཛོམས་ཀྱི་ཤེས་ཡོན་སློབ་གསོའི་གོ་སྐབས་འཚེམས་མེད་དུ་བསྩལ་གནང་མཛད་པར་བསྔགས་བརྗོད་རྒྱ་ཆེ་ཞུས་གནང་འདུག།