ཇཱར་མེ་ཎིའི་བློན་ཆེན་གྱིས་༧གོང་ས་མཆོག་མཇལ་རྩིས་མེད་པ།
2008.05.10
༄༅༎ཇཱར་མེ་ཎིའི་ཕྱི་སྲིད་བློན་ཆེན་ ཕེརེང་ཝལཊར་ སེཊེའིན་མེའེར་ གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་མི་གནང་རྒྱུའི་ཐག་གཅོད་གནང་བ་དེར་གཞུང་འཛིན་ཚོགས་པའི་དཔོན་རིགས་གཙོ་བོ་ཞིག་གིས་སྐྱོན་བརྗོད་གནང་འདུག
ཕྱི་སྲིད་བློན་ཆེན་གྱིས་སྔ་ལོ་ཕྱི་ཟླ་དགུ་པའི་ནང་བཱར་ལིན་ནང་སྲིད་བློན་ ཨནཇེ་ལ་ མར་ཀེལ་ མཆོག་གིས་༧གོང་ས་མཆོག་མཇལ་འཕྲད་གནང་བ་མོས་མཐུན་གནང་མེད་པ་དང་མཇལ་འཕྲད་དེའི་རྗེས་སུ་རྒྱ་ནག་དང་ཇཱརམེ་ཎིའི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པ་རེད་ ༧གོང་ས་མཆོག་བདུན་ཕྲག་རྗེས་མ་བསྐྱར་དུ་ཉིན་བཞིའི་རིང་བཱར་ལིན་གཙོས་པའི་ས་ཁུལ་ག་ས་ནང་ཞབས་སོར་འཁོད་སྐབས་ཉིན་མཐའ་མའི་ཉིན་ཇཱར་མེ་ཎིའི་རྒྱལ་སར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བཱརེན་ཌེན་སྦཀ་རྒྱལ་སྒོ་ཞེས་པར་གསུང་བཤད་ཅིག་གནང་གཏན་འཁེལ་ཡོད་འདུག སྲིད་བློན་ཨནཇེ་ལ་མར་ཀེལ་མཆོག་སྐབས་དེར་ལེཊིན་ཨ་མི་རི་ཀའི་ནང་གཟིགས་སྐོར་དུ་ཕེབས་ཀྱི་ཡོད་སྟབས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་གི་མེད་པ་རེད་ ཕྱི་སྲིད་བློན་ཆེན་གྱིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྩིས་མེད་པ་དེས་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གལ་ཆེར་ངོས་འཛིན་གནང་གི་མེད་པའི་རྣམ་པ་ཡིན་པར་རྒྱ་ནག་གིས་ངོས་འཛིན་གནང་རྒྱུར་ཐེ་ཚོམ་མེད་པ་དང་ ལྷག་པར་དུ་བར་ལམ་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་དབར་འབྲེལ་ལམ་བསྐྱར་གསོ་གནང་བའི་སྐབས་འདིར་༧གོང་ས་མཆོག་གཡོལ་ཐབས་གནང་བ་དེ་ནི་ཧ་ཅང་གི་ནོར་འཁྲུལ་ཆེན་པོ་ཞིག་རེད་ཅེས་ ཁིརེ་ཤེན་ཌི་མོ་ཁེརེ་ཙེ་ ཞེས་པའི་ཚོགས་པའི་དབུ་ཁྲིད་དང་ ཧེ་སེ་ཡིས་སྲིད་བློན་ རོ་ལནཌི་ཀོག གིས་སྐྱོན་བརྗོད་གནང་འདུག་
ཕྱི་སྲིད་བློན་ཆེན་གྱིས་བློ་ཞུམ་པའི་རྣམ་པ་སྟོན་པ་དེར་ བཱ་ཝ་རའེན་ཁིརི་ཤེན་ སོ་ཤོལ་ཡུ་ནེན་ ཞེས་པའི་ཚོགས་པའི་དབུ་ཁྲིད་ ཨིནཝིན་ཧུབཱར་ གྱིས་སྐྱོན་བརྗོད་གནང་འདུག དེ་བཞིན་ལོཝར་ལེཀ་ཟོ་ཎི་ཡི་སྲིད་བློན་ ཁིརི་ཤེན་ཝུཕཱ་ ཡིས་ཕྱི་སྲིད་བློན་ཆེན་གྱི་སྐབས་སུ་བབས་པའི་ལས་འགན་ནི་༧གོང་ས་མཆོག་རྒྱ་ནག་དབར་གྲོས་མོལ་གནང་བའི་ནང་དོན་དངོས་སུ་གསལ་རྟོགས་གནང་རྒྱུ་དེ་ཡིན་ལུགས་གསུངས་གནང་འདུག དེའི་དབར་ལ་༧གོང་ས་མཆོག་གིས་སྐུ་ཚབ་ ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་ཇཱར་མེ་ཎིའི་ཕྱི་སྲིད་བློན་ཆེན་གྱིས་༧གོང་ས་མཆོག་མཇལ་འཕྲད་གནང་རྩིས་མེད་པ་དེ་ནི་བློ་ཕམ་གྱི་རང་བཞིན་ཡིན་ལུགས་གསུངས་གནང་འདུག།