ཇར་མན་སྲིད་བློན་ནས་འགྲོ་བ་མིའི་ཐོབ་ཐང་གླེང་སློང་གནང་འཆར།
2008.10.23
༄༅༎དེ་ཡང་ཇར་མི་ནིའི་སྲིད་བློན་ལྕམ་ཨེན་ཇེ་ལ་མར་ཀལ་མཆོག་ད་རིང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ཏུ་ཚུགས་རྒྱུའི་ཡུ་རོབ་དང་ཨེ་ཤེ་ཡའི་རྒྱལ་ཁབ་ཚོའི་ཚོགས་འདུའི་ཐོག་ཕེབས་ཀྱི་ཡོད་འདུག་ལ་རྒྱ་ནག་གི་སྲིད་བློན་དང་སྲིད་འཛིན་རྣམ་གཉིས་ཀྱི་གཙོས་འབྲེལ་ཡོད་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་འདུག སྲིད་བློན་མཆོག་རྒྱ་ནག་ལ་མ་ཕེབས་པའི་གོང་རྒྱལ་སྤྱིའི་བོད་དོན་ལས་འགུལ་དང་གཞན་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ཅིག་ནས་འབོད་སྐུལ་ཞོས་དོན་བཞིན་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ཚོ་མཇལ་འཕྲད་གནང་བའི་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་འཆར་ཡོད་རེད་ཅེས་ཁོང་གི་མགྲིན་ཚབ་པས་འགྲེལ་བརྗོད་གནང་འདུག དེ་དང་ཕྱོགས་མཚུངས་ཇར་མན་སྲིད་བློན་མཆིག་གི་ཚོགས་པའི་ཕྱི་སྲིད་ལས་དོན་གྱི་མགྲིན་ཚབ་པ་དང་དེ་བཞིན་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གཅིག་ལྕོག་གནང་མཁན་སྐུ་ཞབས་པོ་ལེནཛ་མཆོག་གིས་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་དཀའ་རྙོག་ཅན་གྱི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ་རྒྱནག་གཞུང་ནས་བོད་ལ་ཚད་མཐོའི་རང་སྐྱོང་གི་གནས་བབ་སྤྲོད་དགོས་པའི་འབོད་སྐུལ་ཡང་ཞུ་གི་ཡོད་ཅེས་གསུངས་འདུག འོན་ཀྱང་ཁོང་གིས་སྔ་ལོ་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་འཕྲད་ཞུས་པ་དེས་རྒྱ་ནག་གཞུང་མི་འདོད་པི་རྣམ་འགྱུར་བསྟན་ནས་ཡུལ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཕྱིན་ཡོད་ཀྱང་ད་ཆ་སླར་ཡང་འབྲེལ་ལམ་ཡར་རྒྱས་ཕྱི་ཡོད་རེས་ཅེས་ཀྱང་གསུངས་འདུག
ཇར་མན་གྱི་སྲིད་བློན་མཆོག་སྤྱིར་བཏང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཤུགས་ཆེན་པོའི་ཐོག་ནས་དགོངས་ཚུལ་གསུངས་མཁན་ཞིག་ཡིན་པ་དང་ལྷག་པར་དུ་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་ལྟར་སྔ་ལོ་རྒྱ་ནག་གཞུང་ནས་དགག་ཆ་བྱས་མིན་ལ་མ་ལྟོས་པར་མཇལ་འཕྲད་ཞུས་ཡོད་རེད་ ཡིན་ནའང་ཚོང་གི་འབྲེལ་བའི་ཐོག་ནས་ཡུལ་གཉིས་དབར་འབྲེལ་བ་དམ་ཟབ་དགོས་ངེས་ཅན་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད།