རྒྱ་གར་གྱི་བདེ་འཇགས་ལྷན་ཁང་གི་སློབ་སྟོན་པ་གསར་བསྐོ།
2010.01.22
༄༅༎རྒྱ་གར་གཞུང་གིས་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་སློབ་སྟོན་པ་གསར་དུ་བསྐོ་བཞག་གནང་ཏེ་ཁྱིམ་མཚེས་ཡུལ་གྲུ་པ་ཀི་སི་ཐན་དང་རྒྱ་ནག་དབར་གྱི་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་པ་རེད་
གསར་དུ་བསྐོ་བཞག་བྱུང་བའི་རྒྱ་གར་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་སློབ་སྟོན་པ་དགུང་གྲངས་༦༠ཕེབས་པ་སྐུ་ཞབས་ཤིལྦ་ཤང་ཀར་མེ་ནོན་ནི་རྒྱ་གར་གསང་བའི་ལས་ཁང་དང་ཕྱི་འབྲེལ་ལས་ཁང་གི་དཔོན་རིགས་གནང་མྱོང་ཡོད་ཅིང་མི་ཁག་ཅིག་གིས་ཁོང་ལ་རྒྱལ་སྤྱིའི་ཆབ་སྲིད་གནད་དོན་ཐོག་ཉམས་མྱོང་མེད་ལུགས་ཀྱི་སྐྱོན་བརྗོད་ཞུ་མཁན་ཡོད་ན་ཡང་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་རྒྱ་གར་དང་ཨ་རིའི་དབར་ཨ་རིས་རྒྱ་གར་གཞུང་ལ་ཞི་བའི་ལས་དོན་ཐོག་བེད་སྤྱོད་ཐུབ་པའི་རྡུལ་ཕྲན་གྱི་ཡོ་ཆས་ཕྱིར་ཚོང་བྱ་རྒྱུའི་གྲོས་མཐུན་ལ་ས་རྟགས་བཀོད་ཐུབ་པ་དེ་སྐུ་ཞབས་མེ་ནོན་ཡིའི་མཛད་རྗེས་གཙོ་བོ་ཞིག་ཡིན་ཞིང་རྒྱ་གར་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་སློབ་སྟོན་པས་རྒྱ་གར་རྒྱལ་ནང་དང་རྒྱལ་སྤྱིའི་བདེ་འཇགས་གནད་དོན་ཐོག་སློབ་སྟོན་གནང་དགོས་ཀྱི་ཡོད་པ་མ་ཟད་རྒྱ་གར་གཞུང་གིས་ཕྱི་འབྲེལ་སྲིད་བྱུས་གཏན་འབེབས་གནང་ཕྱོགས་ལ་ཡང་ཐེ་བྱུས་གནང་དགོས་ཀྱི་ཡོད་པ་རེད་ ད་རེས་སྐུ་ཞབས་མེ་ནོན་རྒྱ་གར་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པར་བསྐོ་བཞག་གནང་ཏེ་ཁོང་གིས་མ་འོངས་བདེ་འཇགས་ལས་དོན་ཐོག་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་འབྲེལ་ལམ་ཐོག་འཐབ་རྩལ་གསར་པ་ཞིག་བཏོན་རྒྱུར་རེ་བ་གནང་དགོས་པའི་སྐོར་རྒྱ་གར་གྱི་ཇ་ལྦ་ཧར་ལལ་ནེ་རུའུ་གཙུག་ལག་སློབ་གྲའི་ཕྱི་འབྲེལ་སྲིད་བྱུས་ཉམས་ཞིབ་པ་ཨ་མི་ཏབ་མ་ཏུའུ་ཡིས་གསུང་བཞག གསར་དུ་བསྐོ་བཞག་བྱུང་བའི་རྒྱ་གར་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་སློབ་སྟོན་པ་སྐུ་ཞབས་མེ་ནོན་ཡི་གདོང་ལེན་གནང་རྒྱུའི་ལས་དོན་གཙོ་བོ་ནི་ཁྱིམ་མཚས་རྒྱལ་ཁབ་པ་ཀི་སི་ཐན་དང་རྒྱ་གར་དབར་གྱི་འབྲེལ་ལམ་ཛ་དྲག་གནས་བཞིན་པ་དེ་ཞི་འཇམ་ཡོང་ཐབས་སླད་ཕྱོགས་གཉིས་དབར་ཞི་བའི་གྲོས་མོལ་སླར་གསོ་གནང་རྒྱུ་སོགས་ཡིན་པ་རེད་།