རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོར་འཛམ་གླིང་གི་ཆུ་རགས་ཆེ་ཤོས་འཛུགས་འཆར་དེས་བོད་ནང་ཡུལ་མི་གནས་སྤོ་དང་ཁྱིམ་མཚེས་རྒྱལ་ཁབ་ཏུ་ཁོར་ཡུག་གནོད་སྐྱོན་ཐད་ཤུགས་རྐྱེན་འབྱུང་རྒྱུ་ཡིན་པ་བརྗོད་བྱུང་།

2024.12.26
རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོར་འཛམ་གླིང་གི་ཆུ་རགས་ཆེ་ཤོས་འཛུགས་འཆར་དེས་བོད་ནང་ཡུལ་མི་གནས་སྤོ་དང་ཁྱིམ་མཚེས་རྒྱལ་ཁབ་ཏུ་ཁོར་ཡུག་གནོད་སྐྱོན་ཐད་ཤུགས་རྐྱེན་འབྱུང་རྒྱུ་ཡིན་པ་བརྗོད་བྱུང་། རྒྱ་ནག་གཞུང་འབྲེལ་གྱིས་བཏོན་པའི་བོད་ནང་གི་གཞིས་ཀ་རྩེ་ངམ་རིང་རྫོང་ཁོངས་སུ་ཆགས་པའི་ཡར་ཀླུང་གཙང་བོའི་བར་རྩེའི་ཆུ་རག་གི་དཔེ་རིས། ཕྱི་ལོ་ ༢༠༢༢ ལོར།
པར་ཚགས།

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཀོང་པོ་ཉིང་ཁྲིའི་མེ་ཏོག་རྫོང་གི་ཡར་ཀླུང་གཙང་པོའི་སྨད་ཕྱོགས་ཀྱི་བཞུར་རྒྱུན་དུ། འཛམ་གླིང་གི་ཆེས་ཆེ་བའི་ཆུ་རག་གསར་རྒྱག་གི་ལས་གཞི་ཞིག་ལ་ཆོག་མཆན་སྤྲད་ཡོད་པ་དང་། ཐེངས་འདིར་རྒྱ་ནག་གཞུང་གི་རྒྱག་འཆར་གྱི་ཆུ་རག་དེ་རྒྱ་ནག་གཞུང་གིས་དེ་སྔ་འབྲུ་ཆུའི་བཞུར་རྒྱུན་དུ་བརྒྱབ་པའི་འགག་གསུམ་ཆུ་རག་ (Three Gorges Dam) ཞེས། འཛམ་གླིང་གི་ཆུ་གློག་ས་ཚིགས་ཆེ་ཤོས་སུ་འབོད་པའི་ལྡབ་ ༣ ལས་ཆེ་བ་ཡོད་པ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ནས། རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་བོར་ཆུ་རག་རྒྱག་འཆར་ལས། ད་ལྟའི་ཆར་ཆུ་རག་རྒྱག་སའི་ས་གནས་དངོས་གཙོས་ཞིབ་ཕྲའི་གནས་ཚུལ་གསལ་བཤད་བྱས་མེད་པ་དང་། ཆུ་རག་དེས་མ་འོངས་པར་བོད་ནང་ས་གནས་ཡུལ་མི་གནས་སྤོ་དང་། དགོན་པ་ཁོར་ཡུག་གཏོར་བཤིག་གི་གནས་སྟངས་གཙོས། རྒྱ་གར་གཙོས་ཁྱིམ་མཚེས་རྒྱལ་ཁག་ཁག་ལ་གནོད་སྐྱོན་གྱི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་ལ། རྒྱ་གར་གྱི་ཁོར་ཡུག་ཉམས་ཞིབ་པ་དང་ཁོར་ཡུག་ལས་འགུལ་བ་(S Viswanath)ལགས་ནས། རྒྱ་ནག་གཞུང་གིས་བོད་དང་རྒྱ་གར་གྱི་འབྲེལ་མཚམས་ཡར་ཀླུང་གཙང་པོའི་ཐོག་ཆུ་རག་རྒྱག་འཆར་དེ། རྒྱ་གར་ལ་སེམས་ཁྲལ་གཙོ་བོ་ཞིག་ནི་ས་གཤིས་བརྟན་པོ་མིན་པའི་ས་ཁུལ་དུ་གནས་ཡོད་པས། ས་ཡོམ་དང་རི་ཉིལ་སླ་བ་དང་། ལྷག་པར་དུ་ཤོང་ཚད་ཧ་ཅང་ཆེ་བའི་ཆུ་འབོར་རྐྱེན་གྱིས་གནས་ཚུལ་དེ་བས་ཛ་དྲག་ཏུ་འགྲོ་སྲིད་པ་ཞིག་ཡིན་སྐོར་བརྗོད་བྱུང་།

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ། རྒྱ་ནག་གཞུང་གིས་ཆུ་རག་དེ་འཛུགས་སྐྲུན་བྱེད་དོན་ཁོར་ཡུག་མཁའ་རླུང་ནག་རྫས་(carbon)ཇེ་ཉུང་གི་དམིགས་ཚད་ཆེད་དང་། བོད་ནང་ལས་ཀ་གསར་སྐྲུན་སོགས་ཀྱི་ཆེད་ཡིན་པ་བཀོད་འདུག་ན་ཡང་། ཆུ་རག་དེས་རྐྱེན་གྱིས་མ་འོངས་པར་བོད་དང་རྒྱ་གར། བྷང་ལ་དྷེ་ཤི་བཅས་ཀྱི་མི་གྲངས་ས་ཡ་མང་པོར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ། ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་དང་། རྒྱ་གར་གྱི་ཁོར་ཡུག་དང་གཙང་ཆུའི་སྐོར་ལ་ཉམས་ཞིབ་དང་ཁོར་ཡུག་ལས་འགུལ་བ་(S Viswanath)ལགས་ནས། སྤྱིར་གཙང་བོ་ཁག་གི་སྟེང་ཆུ་རག་ག་འདྲ་ཞིག་བརྒྱབ་ན་འདབ་འབྲེལ་རྒྱལ་ཁབ་ཚོར། གཙང་ཆུ་ཁ་སྒྱུར་དང་སྐྱེས་ཁམས་ཁོར་ཡུག་དོ་སྙོམ་མི་ཡོང་བ་དང་། སྐྱེས་དངོས་སྣ་མང་རང་བཞིན་ལ་གཏོར་སྐྱོན་སོགས་ཀྱི་བློ་འཚབ་ཡོད་ན་ཡང་། ཡར་ཀླུང་གཙང་བོའི་ཆུའི་བཞུར་རྒྱུན་བརྒྱ་ཆ་ ༧༠ རྒྱ་གར་ནང་རྒྱུག་གི་ཡོད་པས། ཐེངས་འདིར་རྒྱ་ནག་གཞུང་གིས་བོད་ཀྱི་ཡར་ཀླུང་གཙང་བོའི་སྟེང་རྒྱག་འཆར་གྱི་ཆུ་མཛོད་དེ་ཆབ་སྲིད་ལྟ་བུར་བེད་སྤྱད་བྱས་ཏེ། རྒྱལ་སྤྱིའི་གཙང་ཆུའི་ཁྲིམས་འཆར་ཁག་གཞིར་བཟུང་གཙང་ཆུའི་གནས་ཚུལ་སྐོར་མཉམ་སྤྱོད་མ་བྱས་ན། རྒྱ་གར་གཙོའི་འདབ་འབྲེལ་རྒྱལ་ཁབ་ཁག་ནང་ཁོར་ཡུག་གི་ཤུགས་རྐྱེན་ངན་པ་ཡོང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།

འདི་ལོའི་ཕྱི་ཟླ་ ༡༢་ ནང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། རྒྱ་ནག་གཞུང་གིས་བོད་ནང་གི་ས་ཁུལ་ ༡༩༣ ནང་། བོད་ཀྱི་གཙང་བོ་ཁག་ལ་ཆུ་རགས་འཛུགས་སྐྲུན་བྱས་དང་བྱེད་འཆར་ཡོད་པ་དེས། བོད་ཀྱི་ཁོར་ཡུག་དང་རིག་གཞུང་། སྤྱི་ཚོགས་ལ་གནོད་སྐྱོན་བཟོ་བཞིན་ཡོད་པའི་སྙན་ཐོ་བཏོན་ཡོད་པ་རེད་ལ། ཡང་བདེ་ཆེན་བདེ་ཆེན་དཔལ་མོ་ལགས་ནས་མུ་མཐུད། རྒྱ་ནག་གཞུང་གིས་ད་བར་བོད་ནང་གི་གཙང་བོ་ཁག་གི་སྟེང་། ཤེས་རྟོགས་བྱུང་བ་ཆུ་རག་ ༡༩༨ ལྷག་འཛུགས་སྐྲུན་བྱས་ཡོད་ན་ཡང་ཆུ་རག་ ༨༠ ལྷག་ས་གཤིས་བརྟན་མེད་པ་དང་། ས་ཡོམ་འབྱུར་ཉེན་ཡོད་པའི་གནས་སུ་བརྒྱབ་ཡོད་པ་དང་། ཆུ་རག་རྐྱེན་གྱིས་ས་གནས་ཡུལ་མི་གནས་སྤོར་དང་གཏོར་བཤིག་གི་གནས་སྟངས་ཤུགས་ཆེར་བྱུང་ཡོད་སྐོར་བརྗོད་བྱུང་ལ། ཡང་ཁོར་ཡུག་ཉམས་ཞིབ་པ་དང་(Himdhara Environment Research and Action Collective)ཞེས་པའི་ཚོགས་པ་གསར་འཛུགས་གྲས་སུ་ཡོད་པ། ཁོར་ཡུག་ལས་འགུལ་བ་ལྕམ་(Manshi Asher)ལགས་ནས། རྒྱ་གར་དང་རྒྱ་ནག་གཉིས་བར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གཙང་བོ་ཁག་གི་སྟེང་། ཆུ་རག་འཛུགས་སྐྲུན་སྐོར་ལ་སྲིད་བྱུས་དང་ཕན་ཚུན་མཉམ་འབྲེལ་མེད་པ་པ་དེས། ཁོར་ཡུག་གནོད་སྐྱོན་དང་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་བྱུང་གི་ཡོད་པས། མ་འོངས་པར་ཕན་ཚུན་མཉམ་འབྲེལ་ཡོང་དགོས་པ་དེ་གལ་ཆེན་པོ་ཡིན་པ་སོགས་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་འདི་ལོ་གཅིག་པུར་བོད་ནང་གི་རྨ་འབྲུ་གཙང་བོ་ཁག་གི་སྟེང་། ཆུ་ཤུགས་གློག་འདོན་ས་ཚུགས་ཆེ་གྲས་ཁག་ཅིག་རྒྱག་ཆེད་ས་གནས་ཀྱི་ཡུལ་མི་དང་དགོན་པ་མང་དག་ཅིག་བཙན་ཐབས་ཀྱིས་གནས་སྤོར་བྱས་པའི་དཀའ་ངལ་ཤུགས་ཆེར་བྱུང་བའི་ཁྲོད། འདི་ལོའི་ཕྱི་ཟླ་གཉིས་པའི་ནང་སྡེ་དགེ་མི་མང་གིས་ཆུ་མཛོད་གསར་རྒྱག་ལ་ཞུ་སྐུལ་བྱས་རྐྱེན། འཛིན་བཟུང་བཙོན་མཇུག་དང་བཅར་རྡུང་སོགས་བྱས་པ་མ་ཟད། སྡེ་དགེ་དབོན་སྟོད་དགོན་བཙན་ཐབས་ཀྱིས་གནས་སྤོར་དགོས་པའི་བཀོད་ཁྱབ་འོག་ཡོད་པ་རེད་ལ། ཕྱི་ཟླ་ ༤་ནང་མགོ་ལོག་རྭ་རྒྱ་གྲོང་རྡལ་མར་སྟེང་སྡེ་བའི་ཉེ་འགྲམ་དུ། ཆུ་མཛོད་བརྒྱབ་རྐྱེན་རྨ་ཆུའི་བཞུར་རྒྱུན་ཇེ་ཉུང་དུ་ཕྱིན་པ་དང་ཉེ་འཁོར་གྱི་རྩི་ཤིང་དང་སྐྱེ་ཁམས་དོ་མི་སྙོམས་པ། དབྱར་ཁ་གློ་བུར་ཆུ་ལོག་ཡོང་བ་སོགས་ཀྱི་རང་བྱུང་གཏོར་སྐྱོན་ཤུགས་ཆེར་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་རྨ་ཆིར་ཆུ་མཛོད་རྒྱག་ཆེད་ཨ་ཚོགས་དགོན་རྩ་གཏོར་གྱིས་གནས་སྤོར་བཏང་བ་སོགས་ཀྱི་གནས་སྟངས་བྱུང་ཡོད་པ་རེད་ལ། ཐེངས་འདིར་རྒྱ་ནག་གཞུང་གིས་རྒྱག་འཆར་གྱི་ཆུ་མཛོད་དེས་གློག་འདོན་ཚད་དུང་ཕྱུར་ ༨༨།༢ ཡིན་སྐོར་བརྗོད་བཞིན་པས། གཙང་ཆུའི་བསགས་ཚད་དང་འཛུགས་སྐྲུན་རྒྱ་ཁྱོན་ཤུགས་ཆེར་ཆགས་ཀྱི་ཡོད་པས། ཉམས་ཞིབ་པ་ཚོས་ཆུ་རག་དེ་དག་གིས་བོད་ནང་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་ཁོར་ཡུག་དང་གཙང་ཆུའི་སྐྱེས་ཁམས་སོགས་ལ་གནོད་སྐྱོན་ཡོང་གཞིའི་བློ་འཚབ་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎