བཙན་བྱོལ་བོད་གཞུང་གི་བཀའ་ཟུར་ལྷན་ཚོགས་མཇུག་བསྒྲིལ་བ།
2008.09.26
༄༅༎དེ་ཡང་བཙན་བྱོལ་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བཙན་བྱོལ་བོད་གཞུང་གི་བཀའ་ཟུར་རྣམ་པས་ཉིན་ལྡའི་རིང་གི་ལྷན་ཚོགས་ཤིག་ཕྱི་ཟླ་དགུ་པའི་ཚེས་ཉི་ཤུ་གཉིས་ཉིན་བཞུགས་སྒར་རྡ་རམ་ས་ལ་ནོར་གླིང་བོད་ཀྱི་རིག་གཞུང་བལྟེ་གནས་ཁང་དུ་དབུ་འཛུགས་གནང་ཡོད་པ་དང་ ལྷན་ཚོགས་དེའི་ཐོག་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་པའི་བཀའ་ཟུར་བཅོ་ལྔ་ཙམ་ཕེབས་ཡོད་པ་རེད་ ཐེངས་འདིའི་ལྷན་ཚོགས་དེ་ཚུགས་གནང་དགོས་དོན་ནི་རྒྱ་བོད་གཉིས་ཀྱི་དཀའ་རྙོག་སེལ་རྒྱུའི་སླད་འབྲེལ་མོལ་གནང་དང་གནང་བཞིན་པར་ཡར་རྒྱས་ཡོང་རྒྱུའི་ཆེད་དགོངས་འཆར་གནང་རྒྱུ་དང༌། དེ་བཞིན་རྒྱ་ནག་གི་དཔོན་རིགས་ཚོས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁུངས་ལུང་མེད་པའི་མཚན་དམས་ཤུགས་ཆེ་ཞུ་གི་ཡོད་པ་དེ་འགོག་རྒྱུར་བཀའ་གྲོས་གནང་ཡོད་པ་རེད་འདུག བཀའ་ཟུར་ལྷན་རྒྱས་ཀྱི་མགྲིན་ཚབ་པ་བཀའ་ཟུར་བཀྲས་ཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ནས་བཀའ་ཟུར་རྣམ་པ་ཚོ་ལྷན་འཛོམས་གནང་དགོས་དོན་གཙོ་བོ་ནི་ ད་ལོ་གཞན་དང་མི་འདྲ་བར་སུམ་ཅུའི་དུས་དྲན་རྗེས་ནས་བོད་ས་ཁུལ་ཁག་མང་པོ་ཞིག་ལ་བོད་མི་ཚོས་བོད་དོན་གཞི་རྒྱ་ཆེ་བའི་ངོ་རྒོལ་སྒེར་ལངས་བྱས་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱས་པའི་ཐོག་བོད་ཕྱི་ལ་ཡོད་པའི་བོད་མི་ཚང་མས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་གྱི་རྣམ་འགྱར་ཤུགས་ཆེན་པོ་བཏོན་བཞིན་པའི་སྐབས་ ང་ཚོ་བཙན་བྱོལ་བོད་གཞུང་གི་བཀའ་ཟུར་མང་པོ་ཞིག་ཡོད་པ་རྣམ་གྱིས་ དུས་ཡུན་རིང་པོ་ནང་བོད་དོན་ཐོག་ལས་ཀ་བྱས་པའི་ཉམས་མྱོང་ཐོག་ནས་ བོད་དོན་ཐོག་ཕན་ཐོགས་ཡོད་པའི་བསམ་ཚུལ་བཏོན་རྒྱུའི་ཆེད་ད་རེས་ཀྱི་ལྷན་འཛོམས་དེ་གནང་བ་ཞིག་ཡིན་པ་འདི་ག་རླུང་འཕྲིན་ཁང་དུ་འགྲལེ་བརྗོད་གནང་ཡོད་པ་རེད།