གསར་ལམ་ཁག་གིས་གནས་ཚུལ་འདྲ་མཉམ་བཀོད་སྤེལ་བྱེད་གལ་ཆེ།


2015.02.13
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱལ་སྤྱིའི་གསར་འགོད་ལས་རིགས་ཀྱི་ཉིན་མོའི་མཛད་སྒོའི་སྐབས། ༢༠༡༥།༢།༡༢ སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱལ་སྤྱིའི་གསར་འགོད་ལས་རིགས་ཀྱི་ཉིན་མོའི་མཛད་སྒོའི་སྐབས། ༢༠༡༥།༢།༡༢
tibet.net

རྒྱལ་སྤྱིའི་གསར་ལམ་ཁག་གིས་འཚེ་མེད་ཞི་བའི་འཐབ་རྩོད་ལ་དོ་སྣང་དང་གནས་ཚུལ་འདྲ་མཉམ་བཀོད་སྤེལ་བྱེད་གལ་ཆེ་བ་སྲིད་སྐྱོང་གིས་གསུངས།
དེ་ཡང་ཚེས་༡༢རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་སུ་ཆགས་པའི་Noidaགྲོང་ཁྱེར་དུ། རྒྱལ་སྤྱིའི་གསར་འགོད་ལས་རིགས་ལྟེ་གནས་ཁང་གིས་གོ་སྒྲིག་འོག་ རྒྱལ་སྤྱིའི་གསར་འགོད་ལས་རིགས་ཀྱི་ཉིན་མོ་ཞེས་ཉིན་གསུམ་གྱི་དུས་སྟོན་འགོ་འཛུགས་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་དུས་སྟོན་དབུ་འབྱེད་གནང་ཡོད་པ་རེད། ཉིན་དང་པོའི་དུས་སྟོན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་གིས། འཛམ་གླིང་ཞི་བདེ་དང་། གསར་འགོད་ལས་རིགས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་པའི་ནང་། དྲག་ཟིང་དང་དམག་འཁྲུག་མེད་པའི་གནས་སྟངས་ཡོད་པ་ཙམ་གྱིས་ཞི་བདེ་ལྷིང་འཇགས་ཀྱི་གནས་སྟངས་ཡིན་པ་མཚོན་ཐུབ་ཀྱི་མེད་པ་དང་། ཉེ་བའི་དུས་སུ་འཛམ་གླིང་སྤྱི་ཡོངས་སུ་འཇིགས་སྐུལ་དྲག་སྤྱོད་ལ་གདོང་ལེན་ཁ་གཏད་ཀྱི་རྒོལ་རྡུང་བསྟུད་མར་སྤེལ་བཞིན་ཡོད་ཀྱང་། དྲག་སྤྱོད་པའི་གཏོར་རྒོལ་ཇེ་ཆེར་འགྲོ་བཞིན་པའི་སྐོར་ཁུངས་ལྡན་གྱི་གནས་ཚུལ་ཞིབ་ཕྲ་ལུང་འདྲེན་གནང་སྟེ། འཚེ་བའི་ལམ་ནས་འཚེ་བའི་བྱ་སྤྱོད་འགོག་ཐབས་མེད་པའི་སྐོར་གསལ་འདོན་གནང་འདུག སྲིད་སྐྱོང་མཆོག་གིས་གསུངས་པར། འགྲོ་བ་མི་སྤྱི་ལ་དྲང་བདེན་གྱི་མགོན་སྐྱོབས་བྱེད་པར་གསར་འགྱུར་བརྒྱུད་ལམ་ཁག་ལ་འགན་འཁྲི་ཆེན་པོ་ཡོད་པར་བརྟེན་གསར་འགྱུར་བརྒྱུད་ལམ་ཚོས་དྲག་ཟིང་དང་དམག་འཁྲུག་གི་གནས་ཚུལ་རིགས་ལ་དོ་སྣང་ཆེན་པོས་ཡོངས་གྲགས་བཀོད་སྤེལ་བྱེད་བཞིན་ཡོད་པ་རེད། བོད་མི་རྣམས་ནས་ལོ་ངོ་བཅུ་གྲངས་མང་པོའི་རིང་འཚེ་མེད་ཞི་བའི་ལྟ་གྲུབ་ལ་བརྟེན་པའི་རང་དབང་འཐབ་རྩོད་བྱེད་བཞིན་དུ་ཡོད་ཀྱང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཚོས་དོ་སྣང་དེ་ཙམ་ལེན་གྱི་མེད་པའི་གནས་ལུགས་གསལ་འདོན་གནང་པ་དང་། འདི་ལྟ་བུའི་གནས་སྟངས་འོག་བཙན་གནོན་དང་དྲག་གནོན་གྱི་གནས་སྟངས་འོག་ལུས་པའི་མི་མང་ཚོའི་གསར་འགྱུར་བརྒྱུད་ལམ་ཁག་གི་དོ་སྣང་བསྐྲུན་ཐབས་སུ་འཐབ་རྩོད་ཀྱི་ངོ་བོ་དྲག་ལས་སུ་འགྱུར་རྒྱུའི་སྐུལ་སློང་འཕེལ་སྲིད་པར་བརྟེན་གསར་འགྱུར་ལས་རིགས་དང་། གསར་འགྱུར་བརྒྱུད་ལམ་ཚོས་འཛམ་གླིང་ཕྱོགས་གང་སར་འཚེ་མེད་ཞི་བའི་འཐབ་རྩོད་ལའང་དེ་མཚུངས་ཀྱི་དོ་སྣང་བྱས་ནས་གནས་ཚུལ་འདྲ་མཉམ་བཀོད་སྤེལ་བྱེད་གལ་ཆེ་བའི་སྐོར་ནན་བརྗོད་སྐུལ་མ་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎