ཐེར་མོ་ཧྥི་ཤར་ཚན་རྩལ་ཁང་གིས་ཡོ་ཆས་རྒྱ་ནག་ལ་ཚོང་སྒྱུར་མཚམས་འཇོག་ལ་བསྔགས་བརྗོད།
ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ Michale McCaul མཆོག་གིས་ཐེར་མོ་ཧྥི་ཤར་(Thermo Fisher)ཚན་རྩལ་ཁང་གིས་བོད་ནང་རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་ཚོང་སྒྱུར་མཚམས་འཇོག་བྱས་པའི་ཐག་གཅོད་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་བཀའ་འདྲི་ཞུས་པ་ལྟར་ཡིག་ཐོག་དགོངས་ཚུལ་གསུངས་པའི་ནང་། དུས་ནས་དུས་སུ་རྒྱ་ནག་དམར་ཤོག་ཚོགས་པས་རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་དང་གཞན་མི་སྒེར་གྱི་གནས་ཚུལ་ངོ་རྟགས་གཅོད་པའི་བཟོ་ལས་རིག་རྩལ་བཀོལ་སྤྱོད་ཀྱིས་བྱ་ར་བྱེད་པ་དང་དྲག་གནོན། དམར་ཤོག་ཚོགས་པར་མོས་མཐུན་མི་བྱེད་མཁན་ཚོ་དམིགས་སར་བཟུང་བ་བཅས་བྱེད་ཀྱི་ཡོད།
ཐེར་མོ་ཧྥི་ཤར་(Thermo Fisher)ཚན་རྩལ་ཁང་གིས་ཡོ་ཆས་འདི་དག་རྒྱ་ནག་ལ་ཚོང་སྒྱུར་བྱེད་རྒྱུ་མཚམས་འཇོག་བྱས་པར་ལེགས་སོ་ཡོད།
ཚོང་འབྲེལ་སྡེ་ཁག་གཞན་ཚོས་ཀྱང་གཅིག་མཚུངས་བྱ་དགོས་པ་རེད་ཅེས་གསུངས་འདུག ཨ་རིའི་ཁེ་གཉེར་ལས་ཁང་ཁག་གིས་རྒྱ་ནག་དམར་ཤོག་ཚོགས་པས་རང་གི་མི་མང་ལ་དྲག་གནོན་བྱ་རྒྱུར་རོགས་སྐྱོར་བྱེད་མི་རུང་ཞེས་གསུངས་འདུག
གཞན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐད་ཀྱི་ཐབས་ཇུས་ལས་དོན་ཚོགས་ཆུང་(Select Committee on the Chinese Communist Party)ཡིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཨ་རིའི་(Thermo Fisher)ཚན་རྩལ་ཁེ་གཉེར་ལས་ཁང་གིས་བོད་ནང་(DNA)བརྟག་དཔྱད་ཡོ་ཆས་ཚོང་བསྒྱུར་བྱེད་རྒྱུ་མིན་པའི་ཐག་གཅོད་བྱུང་བ་དེ་བཟང་ཕྱོགས་ཀྱི་བསྒྱུར་བ་རེད། རིམ་པས་(DNAབརྟག་དཔྱད་ཡོ་ཆས་དེ་རྒྱ་ནག་སྤྱི་ཡོངས་ནང་ཚོང་བསྒྱུར་མཚམས་འཇོག་ཡོང་ཐབས་བྱ་་རྒྱུ་གལ་ཆེན་ཡིན་པ་ཡིག་ཐོག་བཀའ་ལན་གནང་བྱུང་།།
དེ་སྔ་ཨ་མི་རི་ཀར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། རྒྱ་ནག་གཞུང་གིས། བོད་ནང་བྱིས་པ་ལོ་༥སོན་པ་ཚོ་རང་ཉིད་ཀྱི་ཕ་མའི་བཀའ་འཁྲོལ་མེད་པར་རིགས་རྫས་བསྡུ་ལེན་བྱེད་ཀྱིན་ཡོད་པ་དེ་དག་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་དང་གཅིག་མཚུངས་ཡིན་པ་གསལ་བསྒྲགས་སྤེལ་ཡོད་པ་རེད།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།