གསེར་རྟ་བླ་རུང་སྒར་ཟླ་འདིའི་ཟླ་མཇུག་ནས་གཏོར་འཆར་འདུག
2016.07.11
ཟླ་བདུན་པའི་༢༥་ནས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་ནས་གྲྭ་བཙུན་གྱི་གྲངས་ཚད་ཚོད་འཛིན་བྱེད་འཆར་འདུག
དེ་ཡང་ཉེ་སྔོན་འདི་ག་རླུང་འཕྲིན་ཁང་གིས་གསེར་རྟ་ཆོས་སྒར་གྱི་གྲྭ་ཤག་མང་པོ་གཏོར་འཆར་གྱི་གནས་ཚུལ་རྒྱང་སྲིང་ཟིན་པ་ལྟར། ད་ཆ་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༦་ལོའི་ཟླ་༧་པའི་ཚེས་༢༥་ཉིན་ནས་བཟུང་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཚོད་འཛིན་བྱེད་འཆར་ཡོད་པ་དང་། དེ་ཡང་ཐོག་མར་ཆོས་སྒར་གྱི་ཇོ་མོ་གླིང་གི་ས་གནས་ནས་ས་ཚིགས་དགུ་ངོས་བཟུང་ནས་མགོ་བཙུགས་ཏེ་བཤིག་རྒྱུ་ཡིན་པ་རེད་འདུག་ལ་ བཤིག་མཁན་རྒྱ་ནག་གི་དམག་མི་དང་ལས་མི་ཚོ་ཡིན་པ་རེད་འདུག
གནད་དོན་འདིའི་ཐད། དགོན་པའི་བླ་སྤྲུལ་མཁན་པོ་དང་ལས་སྣེ་ཚོས་འབད་བརྩོན་ཇི་ལྟར་བྱས་ཀྱང་གྲུབ་འབྲས་མ་ཐོན་སྟབས། རྒྱ་ནག་གཞུང་གིས་དངོས་སུ་དགོན་པ་གཏོར་བཤིག་ལག་བསྟར་གཏན་འཁེལ་བྱུང་བ་དང་། དེ་ཡང་ད་ཐེངས་ཞིང་ཆེན་དང་། ཁུལ། རྫོང་རིམ་པ་ཙམ་མ་ཡིན་པར་དེ་སྔ་རྒྱ་ནག་དབུས་གཞུང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་སྐབས་གླེང་མོལ་ཤུགས་ཆེབ་བྱུང་ཐོག་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་གསེར་རྟ་སྒར་གྱི་མིང་ནས་བཟུང་ཏེ་ཐག་ཆོད་བྱུང་བ་ཞིག་ཡིན་པས་གཏོར་བཤིག་གཏོང་རྒྱུར་འགྱུར་བ་མེད་ཚུལ་དང་། དེར་བརྟེན་གྲྭ་བཙུན་ཚོས་སྐབས་དེར་ངོ་རྒོལ་དང་། རང་ཤི་རྒྱག་པ་སོགས་གང་ཡང་མི་བྱེད་པར་བཟོད་སྒོམ་ཆེན་པོས་བསླབ་པ་སློབ་གཉེར་འཐུས་ཤོར་མེད་པ་གནང་ནས་བཞུགས་དགོས་སྐོར་མཁན་པོ་རིག་དར་དང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་གྲྭ་བཙུན་ཚང་འཛོམས་ཐོག་གསལ་བཤད་གནང་བ་དང་། ད་དུང་གནད་དོན་དེར་གདོང་ལེན་ཇི་ལྟར་བྱེད་མིན་ཐད་དགོན་པའི་རྒྱུན་ལས་ཚོའི་ངོས་ནས་གྲ་སྒྲིག་ཡོད་ལ་གལ་སྲིད་གནས་སྟངས་ལ་འགྱུར་བ་ཐེབས་ནས་ཛ་དྲག་པོར་གྱུར་ཚེ་ལམ་ཁ་གང་ལ་འགྲོ་དགོས་མིན་གྲྭ་བཙུན་ཚང་འཛོམས་བསྡུ་སྐོང་བྱས་ནས་མང་མོས་ཐག་གཅོད་བྱེད་རྒྱུ་ཡིན་ཚུལ་གསལ་བཤད་བྱས་འདུག
གནས་ཚུལ་ལྟར་ན། སྲིད་གཞུང་གིས་ལས་འགུལ་འདི་བཞིན་༢༠༡༦་ལོའི་ཟླ་༧་ཚེས་༢༥ཉིན་ནས་འགོ་བཙུགས་ཏེ་༢༠༡༧་ལོའི་ཟླ་༩་བའི་ཚེས་༣༠་ནང་ཚུད་མཇུག་སྒྲིལ་ཐུབ་རྒྱུའི་འཆར་གཞི་ཡོད་པ་རེད་འདུག
ད་དུང་གནས་ཚུལ་དེ་སྤྱི་ཚོགས་ནང་ཁྱབ་པ་དང་། བླ་རུང་སྒར་དང་འབྲེལ་ཡོད་ཀྱི་ཕྱོགས་སོ་སོའི་དགོན་སྡེ་དང་མང་ཚོགས། སྒེར་མང་པོ་ཞིག་གིས་བླ་རུང་སྒར་ལ་སེམས་ཁྲལ་དང་རྒྱ་ནག་གི་བྱེད་སྟངས་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་སྟོན་བཞིན་ཡོད་ཀྱང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཕྱོགས་སོ་སོའི་དགོན་སྡེ་དང་མང་ཚོགས་སྤྱི་སྒེར་རྣམས་ཀྱིས་ངེད་བླ་རུང་སྒར་དང་སྐྱིད་སྡུག་མཉམ་མྱོང་གི་འདུ་ཤེས་བཅངས་ཏེ། ངེད་བླ་རུང་སྒར་ལ་ཐུགས་འཁུར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན་ལ། ད་ཐེངས་ཁྱེད་ཅག་དགོན་གྲོང་གི་སྤྱི་སྒེར་གང་ཡིན་ཡང་གནས་སྐབས་འདིར་ཡོང་ན་ཕན་ཐོགས་དེ་ཙམ་མེད་པ་དང་། སྲིད་གཞུང་གིས་རྗེས་ཕྱོགས་ཁྱེད་ཅག་ལའང་དཀའ་ཁག་བཟོ་སྲིད་སྟབས་གྲྭ་ཤག་གཏོར་བཤིག་སྐབས་གཅིག་ཀྱང་མ་ཕེབས་རོགས་ཞུ་བཞིན་ཡོད་ཅེས་སོགས་ཕྱི་བསྒྲགས་བྱས་འདུག
རྒྱ་ནག་གི་འཆར་གཞི་ལྟར་ན། སྤྱི་ལོ་༢༠༡༧་ཟླ་༩་ཚེས་༣༠་ནང་ཚུད་ལ་གསེར་རྟ་སྒར་གྱི་ཕྱིར་ཕུད་པའི་མི་གྲངས་དང་ཁང་པ་བཤིག་གྲངས་མཐུན་དགོས་པའི་ཐོག གསེར་རྟ་བླ་རུང་དགོན་དུ་མི་གྲངས་༥༠༠༠་ལ་ཚོད་འཛིན་བྱེད་རྒྱུ་ཡིན་པ་དང་། འདི་ལོར་ཕྱིར་འབུད་བྱ་རྒྱུའི་གྲྭ་པ་དང་བཙུན་མའི་མིང་ཐོ་རྣམས། གོང་རིམ་སྲིད་གཞུང་ལ་རྩིས་སྤྲོད་བྱས་ཏེ། ཕྱི་ཟླ་༡༠ཚེས་༣༠སྔོན་ལ་ཕྱིར་བུད་བཏང་ཚར་དགོས་པ་དང་། དགོན་པར་གཏན་སྡོད་མི་གྲངས་༥༠༠༠་ཡི་ཁྲོད་ཞིང་ཆེན་གཞན་གྱི་གྲྭ་བཙུན་༡༠༠༠་ལས་བརྒལ་མི་ཆོག་པ་སོགས་འཆར་གཞི་མང་པོ་ཡོད་འདུག
དེ་སྔ་སྤྱི་ལོ་༢༠༠༡་ལོར་རྒྱ་གཞུང་གིས་གསེར་རྟ་བླ་རུང་དགོན་པའི་ཕྱི་ཕྱོགས་ཀྱི་གྲྭ་བཙུན་སློབ་གཉེར་བ་༡༥༠༠་ལྷག་ཕྱིར་ཕུད་བཏང་བ་དང་། དགོན་པ་རང་གི་གྲྭ་བཙུན་སྟོང་ཕྲག་མང་པོ་བཙན་གྱིས་ཕྱིར་ཕུད་པ། དམག་མི་དང་རྒྱ་མི་ལས་བཟོ་བ་༥༠༠་ལྷག་བཏང་སྟེ་ཉིན་གྲངས་༡༣་ནང་གྲྭ་ཤག་གྲངས་༡༨༧༤་དང་སྒོམ་ཁང་༢༠༠༠་ལྷག་རྩ་གཏོར་བཏང་ཐོག་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གི་སྐབས་དེའི་རྒྱུན་ལྡན་གྱི་གསུང་ཆོས་ཆ་ཚང་བཙན་གྱིས་མཚམས་འཇོག་བྱེད་བཅུག་པ་དང་། རྗེས་སུ་སྨན་བཅོས་ལ་ཁ་གཡར་ཏེ་རྔ་བ་ཁུལ་འབར་ཁམས་ཀྱི་དམག་མིའི་སྨན་ཁང་ཞིག་ཏུ་བཀག་ཉར་ཐོག མཁན་པོ་མཆོག་གི་བླ་སྨན་རིག་འཛིན་ལགས་ཀྱང་སྨན་ཁང་དུ་བཅར་མ་བཅུག་པར་ཕྱི་ཕྱོགས་སུ་གནས་ཚུལ་གང་ཡང་ཤེས་རྟོགས་མི་ཐུབ་པ་བཟོས་ནས་ཡུན་རིང་འགོར་བ་དང་། མཐར་ཕྱི་ལོ་༢༠༠༤ ཟླ་༡་ཚེས་༧་ཉིན་སྐུ་གྲོངས་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།