ཧོང་ཀོང་དུ་དྲུག་བཞིའི་དོན་རྐྱེན་གྱི་དུས་དྲན་སྲུང་བརྩི།
2009.06.05
༄༅༎ཧོང་ཀོང་ནང་ད་ལོ་མི་གྲངས་ཧ་ཅང་མང་པོ་འདུ་འཛོམས་ཀྱིས་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་དེར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་ལ་སྲུང་བརྩི་ཞུས་ཡོད་པ་རེད།
ཧོང་ཀོང་དེ་བཞིན་རྒྱ་ནག་གི་མངའ་ཁུལ་ནང་ནས་དྲུག་བཞིའི་དོན་རྐྱེན་དེར་དྲན་གསོའི་སྲུང་བརྩི་ཞུ་མཁན་གྱི་མངའ་ཁུལ་ཁག་གཅིག་པུ་དེ་ཡིན་ཞིང་འདས་པའི་ལོ་ངོ་བཅུ་དགུའི་རིང་ཧོང་ཀོང་ནང་ལོ་ལྟར་དུས་དྲན་དེར་སྲུང་བརྩིའི་ལས་འགུལ་སྤེལ་གྱི་ཡོད་པ་དང་ད་ལོ་ཧོང་ཀོང་གྲོང་མི་ཚོས་རྒྱབ་སྐྱོར་གནང་བའི་རྒྱལ་གཅེས་དམངས་གཙོའི་ལས་འགུལ་ཞེས་པའི་ཚོགས་པས་ཕྱི་ཟླ་དྲུག་པའི་ཚེས་བཞི་དགོང་མོར་ཧོང་ཀོང་ནང་མར་མེའི་ཁྲོམ་བསྐོར་གྱི་ལས་འགུལ་ཞིག་གོ་སྒྲིག་གནང་ཡོད་པ་དང་དེའི་ནང་ཞུགས་མཁན་མི་གྲངས་ཁྲི་བཅོ་ལྔ་ལྷག་ཟིན་ཡོད་ཅིང་དེ་ནི་འདས་པའི་ལོ་ངོ་ཉི་ཤུའི་ནང་དུས་དྲན་དེར་དྲན་གསོའི་ལས་འགུལ་ཁག་སྤེལ་བའི་ནང་བཞུགསམཁན་གྱི་མིའི་གྲངས་འབོར་མང་ཤོས་ཆགས་ཡོད་པ་རེད།
དམངས་གཙོ་དོན་གཉེར་ཅན་དང་ཧོང་ཀོང་གི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ལིའི་ཀྲུའུ་མིང་གིས་ད་རེས་ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་དེར་དྲན་གསོའི་མར་མེའི་ཁྲོམ་བསྐོར་ནང་ཞུགས་མཁན་མི་གྲངས་ཧ་ཅང་མང་པོ་མཉམ་ཞུགས་གནང་ཡོད་པའི་ཐོག་ནས་རྒྱ་ནག་ནང་དམངས་གཙོའི་ལམ་ལུགས་དར་འཕེལ་ཡོང་རྒྱུར་རེ་བ་ཡོད་པ་ཞིག་མཐོང་ཐུབ་རྒྱུ་མ་ཟད་ཧོང་ཀོང་གི་དམངས་གཙོའི་ལམ་ལུགས་ཡང་འཐུས་སྒོ་ཚང་དུ་འགྲོ་ཐུབ་རྒྱུར་རེ་བ་ཡོད་པའི་མཚོན་རྟགས་ཤིག་ཡིན་པ་གསུང་བཞག
ད་རེས་ཧོང་ཀོང་ནང་སྤེལ་བའི་དྲུག་བཞིའི་དོན་རྐྱེན་དེ་བྱུང་ནས་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་གྱི་མར་མེའི་ཁྲོམ་བསྐོར་དེའི་ནང་ཞུགས་མཁན་གཞོན་སྐེས་ཧ་ཅང་མང་པོ་ཡོད་པ་དང་ཧོང་ཀོང་གི་དྲུག་བཞིའི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་པའི་འགན་འཛིན་ལིའི་ཀྲོའོ་རན་གྱིས་གསུང་ན་ད་ལོ་མར་མེའི་ཁྲོམ་བསྐོར་དེའི་ནང་ཞུགས་མཁན་གཞོན་སྐྱེས་ཧ་ཅང་མང་པོ་ཡོད་པའི་དེའི་ཐོག་ནས་རྒྱ་ནག་གུང་ཁྲན་གཞུང་ལ་གཞོན་སྐྱེས་ཚོས་དྲུག་བཞིའི་དོན་རྐྱེན་དེར་དྲན་གསོ་བྱས་ནས་མུ་མཐུད་དོན་རྐྱེན་དེར་དག་སེལ་ཡོང་རྒྱུར་འབད་བརྩོན་བྱ་རྒྱུའི་ཆོད་སེམས་བཏོན་པ་ཞིག་ཡིན་པ་གསུངས་ཡོད་འདུག དེ་དང་འབྲེལ་ཧོང་ཀོང་སློབ་གྲྭ་ཆེན་མོས་ཧོང་ཀོང་གྲོང་མིའི་ཁྲོད་དྲུག་བཞིའི་དོན་རྐྱེན་དེར་རྒྱ་ནག་གཞུང་གིས་དག་སེལ་བྱ་དགོས་མིན་གྱི་བསམ་ཚུལ་བསྡུ་ལེན་བྱས་པ་ཞིག་ཉིན་དེར་ཕྱིར་བསྒྲགས་བྱས་ཡོད་པའི་ནང་བསམ་ཚུལ་བསྡུ་ལེན་གྱི་མིའི་གྲངས་འབོར་གྱི་བརྒྱ་ཆ་༦༡ལྷག་ཙམ་གྱིས་དག་སེལ་ཡོང་རྒྱུར་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་ཡོད་པ་དང་རྒྱབ་སྐྱོར་བྱེད་མཁན་ན་ནིང་དང་བསྡུར་ན་བརྒྱ་ཆ་བཅུ་གཉིས་ལྷག་འཕར་སྣོན་བྱུང་ཡོད་པ་རེད།།