གཞོན་ནུའི་རང་བཙན་ཚོགས་ཆེན་ནེའུ་ཡོག་ལ་ཚོགས་འཆར།
2012.11.27
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འཛམ་གླིང་ས་གནས་མང་པོའི་ནང་བོད་ཀྱི་རང་བཙན་གྱི་གནད་དོན་སྐོར་ཚོགས་ཆེན་རིམ་པ་བཞིན་བསྐོང་བཞིན་པ་ལྟར་། ཉེ་སྔོན་ཐེ་ཝན་དུ་ཕྱི་ཟླ་བཅུ་གཅིག་པའི་ཚེས་ ༡༠་ ནས་ ༡༡་ སྟེ་ཉིན་གཉིས་ཀྱི་རིང་དུ་སྐོང་ཚོགས་གནང་སྐབས་རྒྱལ་ཁབ་བཞི་ཙམ་གྱི་འབྲེལ་ཡོད་རང་བཙན་དོན་གཉེར་བ་འདུ་འཛོམས་གནང་འདུག་། བོད་རིགས་གཞོན་ནུ་ལྷན་ཚོགས་ཀྱི་ཟུང་འབྲེལ་དྲུང་ཆེ་བསྟན་འཛིན་ནོར་བཟང་གིས་བརྗོད་དོན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་གྱི་རྒྱུན་རིམ་དེ་མུ་མཐུད་ནས་འགྲོ་རྒྱུ་ཡིན་པ་དང་། ཕྱི་ཟླ་བཅུ་གཉིས་པའི་ཚེས་ ༢༨་ དང་ ༢༩་ སྟེ་ཉིན་གཉིས་ཀྱི་རིང་རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་སྐོང་ཚོགས་གནང་རྒྱུའི་ཐག་ཆོད་ཟིན་པ་དང་། སྐབས་དེ་དུས་རང་བཙན་དོན་གཉེར་བ་མང་པོ་འདུ་འཛོམས་གནང་འཆར་ཡོད་ཚུལ་དང་། དེ་ནས་ཕྱི་ལོ་གསར་པ་ ༢༠༡༣་ ལོའི་ཕྱི་ཟླ་གཉིས་པའི་ནང་བོད་རིགས་གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་ཚོགས་ཆེན་གཅིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སྐོང་ཚོགས་གནང་རྒྱུ་ཡིན་པ་བརྗོད་ཡོད།