ད་རེས་གཟའ་མིག་དམར་ཉིན་གྱི་མཚན་མོར་གཟའ་སྐར་མིག་དམར་འོད་མདངས་ཆེ་བ་མཐོང་ཐུབ།
2020.10.13
ད་རེས་གཟའ་མིག་དམར་ཉིན་གྱི་མཚན་མོར་གཟའ་སྐར་མིག་དམར་ནམ་རྒྱུན་དང་མི་འདྲ་བར་འོད་མདངས་ཆེ་བ་མཐོང་ཐུབ་པ་དང་དེ་འདྲ་མ་འོངས་ལོ་བཅོ་ལྔའི་རྗེས་ལ་མ་གཏོགས་ཡོང་གི་མེད་པ་རེད།
དེ་རིང་(Daily Mail)ཞེས་དབྱིན་ཡུལ་ནང་གི་དྲ་ཐོག་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ཚེས་༡༣་རེས་གཟའ་མིག་དམར་གྱི་ཕྱི་དྲོའི་ཆུ་ཚོད་བདུན་པ་ནས་མཚན་གུང་བར་གཟའ་སྐར་མིག་དམར་(Mars)དེ་ནམ་རྒྱུན་དང་མི་འདྲ་བར་འོད་མདངས་ཆེ་བ་དང་ཚོན་མདོག་དམར་ནག་མཐོང་ཐུབ་ཀྱི་ཡོད་པ་དང་། དེ་མ་འོངས་ལོ་བཅོ་ལྔའི་རྗེས་ལ་མ་གཏོགས་སླེབས་ཀྱི་མེད་པ་རེད་འདུག
དེ་ཡང་རེས་གཟའ་མིག་དམར་གྱི་མཚན་མོར་གཟའ་སྐར་མིག་དམར་(Mars)དེ་བཞིན་མཚོན་མདོག་དམར་ནག་གང་ཞིག་གི་སྣང་ཚུལ་འོག་རྒྱང་ཤེལ་མེད་པར་བལྟས་ན་མཐོང་ཐུབ་ཀྱི་ཡོད་པ་དང་། གལ་སྲིད་རྒྱང་ཤེལ་ནས་བལྟས་པ་ཡིན་ན་གཟའ་སྐར་མིག་དམར་ཐོག་འཁྱགས་རོམ་གྱི་དབྱིབས་འདྲ་བ་ཞིག་མཐོང་ཐུབ་ཀྱི་ཡོད་པ་རེད། གཟའ་སྐར་མིག་དམར་ད་རེས་ནང་བཞིན་མཚོན་མདོག་དམར་ནག་དང་འོད་མདངས་ཆེ་བ་ཐོན་པ་དེ་མ་འོངས་ཕྱི་ལོ་༢༠༣༥བར་དུ་ཡོང་གི་མེད་པ་དང་། དེའི་རྒྱུ་མཚན་ནི་རེས་གཟའ་མིག་དམར་གྱི་མཚན་མོར་གཟའ་སྐར་མིག་དམར་(Mars)ཁ་ཕྱོགས་གཞན་དུ་འགྱུར་པའི་དུས་སྐབས་དང་འབྲེལ་ནས་སའི་གོ་ལ་དེ་བཞིན་ཉི་མ་དང་གཟའ་སྐར་མིག་དམར་(Mars)བར་སླེབས་ཀྱི་ཡོད་ཙང་ཡིན་པ་རེད་འདུག
(Royal Observatory Greenwich)ཞེས་པའི་དཔྱད་ཞིབ་ཁང་གི་གཟའ་སྐར་དཔྱད་ཞིབ་པ་སྐུ་ཞབས་(Hannah Banyard)ལགས་ཀྱིས། མང་ཚོགས་ཀྱིས་ད་རེས་འོད་མདངས་ཆེ་བའི་གཟའ་སྐར་མིག་དམར་དེ་ལྟ་རྒྱུའི་གོ་སྐབས་ཡག་པོ་ཡིན་པ་དང་། དེ་སྔོན་༢༠༡༨ལོར་གཟའ་སྐར་མིག་དམར་དེ་གནམ་འཕྲེད་མཚམས་སུ་ཐོན་པའི་རྐྱེན་གྱིས་སྐབས་དེར་མི་མང་པོས་དེ་ཡག་པོ་ཞེ་དྲག་མཐོང་ཐུབ་མེད་པ་འགྲེལ་བརྗོད་གནང་འདུག
ཁོང་གིས་དབྱིན་ཡུལ་ནང་རེས་གཟའ་མིག་དམར་ཉིན། ནམ་མཁར་སྤྲིན་པ་འཁོར་རྒྱུའི་གནམ་གཤིས་སྔོན་བརྡ་བཏང་ཡོད་ན་ཡང་འོད་མདངས་ཆེ་བའི་གཟའ་སྐར་མིག་དམར་གང་འཚམས་མཐོང་ཐུབ་རྒྱུ་ཡིན་པ་བརྗོད་འདུག
ཡང་སའི་གོ་ལ་དང་གཟའ་སྐར་མིག་དམར་གཉིས་ཉེ་པོར་འབྱོར་སྐབས།་ནམ་མཁར་གཟའ་སྐར་མིག་དམར་དེ་ཧ་ཅང་འོད་མདངས་ཆེ་བ་མཐོང་གི་ཡོད་པ་མ་ཟད། རྒྱང་ཤེལ་མེད་པའི་ཐོག་ནས་ཡང་གསལ་པོ་མཐོང་ཐུབ་ཀྱི་ཡོད་པ་ཨ་རིའི་གནམ་རིག་སྐར་དཔྱད་ཚན་རྩལ་ཚོགས་པ་ནཱ་སཱ་(NASA)ཡིས་བརྗོད་ཡོད་པ་རེད་འདུག
ཡང་(Earth Sky)ཞེས་པས་བརྗོད་ན། གཞི་རྩའི་འདི་ལོ་ཕྱི་ཟླ་བཅུ་པའི་དུས་ཡུན་ཧྲིལ་པོའི་རིང་གཟའ་སྐར་མིག་དམར་དེ་འོད་མདངས་ཆེན་པོའི་ངང་ནམ་མཁར་མཐོང་ཐུབ་ཀྱི་ཡོད་པ་དང་། ད་ལྟའི་ཆར་གནམ་རིག་སྐར་དཔྱད་ཚན་རྩལ་ཚོགས་པ་ནཱ་སཱ་(NASA)ཡི་(Preserverance Rover)དང་། རྒྱ་ནག་གི་(Mars landers) དེ་བཞིན་དཀྱིལ་ཤར་རྒྱལ་ཁབ་(UAE)ཡི་(Hope Mars probe)བཅས་འཕུར་བསྐྱོད་འཕྲུལ་སྐར་གསུམ་གཟའ་སྐར་མིག་དམར་གྱི་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་དེ་ཚོ་ཕྱི་ལོ་༢༠༢༡གི་ཕྱི་ཟླ་༢པའི་ནང་ཚུལ་འབྱོར་གྱི་ཡོད་པ་དང་། སྐབས་དེར་ཚན་རིག་པ་ཚོར་གནས་ཚུལ་གསར་པ་མང་པོ་ཤེས་རྟོགས་ཆེད་ཕན་ཐོགས་ཡོང་རྒྱུ་ཡིན་པ་རེད་འདུག