གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་འཆར་གཞི་ལ་འགྱུར་བ་མེད།
2020.03.07

ཕྱི་ལོ་༡༩༥༩ལོའི་ཟླ་༣ཚེས་༡༠ཉིན་མོ་འདི་བཞིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་པའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་ཡིན་པ་དང། ཉིན་མོ་འདིར་རྒྱ་བལ་འབྲུག་གསུམ་གཙོས་པའི་རྒྱལ་སྤྱིའི་ཁྱོན་དུ་བོད་མི་ཚོས་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སྤེལ་གྱི་ཡོད་པ་ལྟར། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་ས་གནས་གཞོན་ནུ་ཚོགས་པ་མཉམ་འབྲེལ་གྱི་ཐོག་ནས་གསུམ་བཅུའི་དུས་དྲན་ཐེངས་༦༡་པ་སྲུང་བརྩི་བྱ་རྒྱུའི་འཆར་གཞི་འདིང་གི་ཡོད་པ་བཞིན་ཕྱི་ཚེས་༧ཉིན་དུས་དྲན་འདིའི་ཆེད་དུ་དམིགས་ནས་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་བསྐྲུན་པ་དང་བོད་དོན་ལས་འགུལ་བ་དོན་གྲུབ་དབང་ཆེན་ལགས་ནིའུ་ཡོག་ཏུ་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུར་ཆེད་ཕེབས་གནང་ཡོད་པ་རེད།
གོང་ཞུས་བོད་རིགས་ཚོགས་སྡེ་ཁག་ནས་དོན་གྲུབ་དབང་ཆེན་ལགས་གནམ་ཐང་དུ་ཕེབས་བསུ་ཞུ་སྐབས་དོན་གྲུབ་དབང་ཆེན་ལགས་ཀྱིས་དེ་རིང་འདིར་ནིའུ་ཡོག་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ས་གནས་བོད་རིགས་ཚོགས་པ་ ཆུ་བཞི་སྒང་དྲུག གཞོན་ནུ་ཚོགས་པ། ས་གནས་མདོ་སྨད་ཚོགས་པ་བཅས་ཚོགས་པ་མང་པོ་ཞིག་ཐུན་མོང་གིས་ང་རང་གསུམ་བཅུ་དུས་དྲན་སྟེང་མཉམ་ཞུགས་བྱེད་པར་སྐད་བཏང་བར་ཧ་ཅང་གི་དགའ་ཡོད་ཅེས་དང་། ལྷག་པར་དུ་གསུམ་བཅུ་དུས་དྲན་ཞེས་པ་དེ་དངོས་གནས་གལ་ཆེན་པོ་ཞིག་དང་། ཉེ་རབས་ཀྱི་ལོ་རྒྱུས་ནང་རྡོ་རིང་ཆེན་མོ་ཞིག་ཡིན་ཞིང་། བོད་རང་བཙན་གྱི་རྒྱལ་ཁབ་དེ་ར་སྤྲོད་གསལ་བོ་བྱས་ཐུབ་ཡོད་པའི་ཁར། ཁྱད་པར་དུ་རྒྱ་ནག་གཞུང་གིས་དུས་ནམ་ཡིན་ཡང་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ཀྱང། དེ་འདྲ་ཤིག་མིན་པར་མི་གསོད་ཁྲག་སྦྱོར་གྱིས་བོད་རྒྱལ་ཁབ་དེ་བཙན་འཕྲོག་བྱས་པའི་གནས་སྟངས་དེར་ལན་གསལ་བོ་ཞིག་སྤྲོད་པར་ང་ཚོ་མི་རབས་ནས་མི་རབས་བརྒྱུད་དགོས་པ་དེ་ང་ཚོ་ཚང་མའི་འགན་འཁུར་རེད། དེ་བཞིན་ས་གནས་མི་མང་ཡང་མཉམ་ཞུགས་བྱེད་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་གསུངས་ཡོད་།
ཕྱི་ཚེས་༦དགོང་དྲོར་བོད་རིགས་སྤྱི་མཐུན་ཚོགས་པའི་ངོ་དེབ་བརྒྱུད་ཁྱབ་བསྒྲགས་སྤེལ་བའི་ནང་། ནིའུ་ཡོག་དང་ནིའུ་འཇར་སིའི་གསུམ་བཅུའི་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་འབྱུང་འགྱུར་༣ཕྱི་ཚེས་༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་ཀྱི་གསུམ་བཅུའི་དུས་དྲན་གྱི་ངོ་རྒོལ་སྐད་འབོད་ས་གནས་ཚང་མ་ནས་སྲུང་བརྩི་ཞུ་ཡི་ཡོད་པ་ལྟར། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་འཚོགས་འཆར་ཡོད་པའི་གསུམ་བཅུའི་དུས་དྲན་དེ་སྔོན་གྱི་འཆར་གཞི་བཀོད་པ་ལྟར་གཞུང་གིས་ཏོག་དབྱིབས་ནད་ཡམས་རྐྱེན་བཀག་འགོག་བྱེད་ན་མ་གཏོགས་ལས་འགུལ་སྤེལ་རྒྱུ་ཡིན་པའི་ཁྱབ་བསྒྲགས་སྤེལ་འདུག
ཨ་རིའི་ནང་གི་མངལ་སྡེ་མང་པོའི་ནང་དུ་ཏོག་དབྱིབས་ནད་དུག་རིམས་ནད་ཕོགས་པའི་ནད་པའི་གྲངས་འབོར་འཕར་བཞིན་པ་དང་། ལྷག་པར་དུ་ནིའུ་ཡོག་གྲོང་ཁྱེར་དུའང་ནད་པ་འགའ་ཤས་བྱུང་བའི་གནས་སྟངས་བཅས་ལ་བལྟས་ནས། དུས་ཚོད་ངེས་མེད་རིང་ནིའུ་ཡོག་གཟའ་མཇུག་བོད་ཡིག་སློབ་གྲྭ་དེ་མི་འཚོགས་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད་འདུག ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་དུ་མི་འབོར་ས་ཡ་བརྒྱད་ལྷག་ཡོད་པའི་ནང་ནས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གྲངས་༣༣བྱུང་ཡོད་པ་རེད།