བོད་གཞུང་མང་ཛ་དྲག་ཚོགས་ཆུང་གིས་གསལ་བསྒྲགས་སྤེལ་སྐོར།
2008.06.05
༄༅༎ཁ་ས་ཕྱི་ཚེས་ ༤ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་ ཨ་མདོ་རྡ་པ་ཀིརྟི་དགོན་དུ་རྒྱ་ནག་གཞུང་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཞེས་པའི་ལས་འགུལ་ལ་ངོ་རྒོལ་མཚོན་ཆེད་ ཀིརྟི་དགོན་གྱི་དགེ་འདུན་པ་རྒན་གྲས་མ་གཏོགས་དེ་མིན་དགེ་འདུན་པ་ཚང་མ་དགོན་པ་ནས་ཐོན་ཏེ་ ད་ཆ་ཀིརྟི་དགོན་པ་སྟོང་པར་གྱུར་བཞིན་ཡོད་པ་རེད་༎
དེ་ཡང་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་ཁུངས་ལྡན་གྱི་གནས་ཚུལ་ལུངས་འདྲེན་བྱས་པར་གཞིགས་ན་ ཨ་མདོ་རྔ་པ་ཀིརྟི་དགོན་པའི་ནང་རྒྱ་ནག་གཞུང་གིས་དགེ་འདུན་པ་རྣམས་ཚོགས་ཆུང་བརྒྱད་དུ་བགོས་ཏེ་ ཉིན་གྲངས་༧༣རིང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཞེས་པའི་ལས་འགུལ་བསྟུད་མར་སྤེལ་འོག་ བཙན་ཤེད་ཀྱི་སྒོ་ནས་༸གོང་ས་མཆོག་ལ་མཚན་དམས་དང་ བཙན་བྱོལ་བོད་གཞུང་སོགས་ལ་ངོ་རྒོལ་གྱི་ཡིག་ཆར་མིང་རྟགས་བཀོད་བཅུག་གི་ཡོད་པར་བརྟེན་ ཕྱི་ཟླ་༦པའི་ཚེས་༡ནས་བཟུང་ཀིརྟི་དགོན་པའི་དགེ་འདུན་པ་གཅིག་ཀྱང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ནང་འཛུལ་ཞུགས་མ་བྱས་པ་དང་ ཚེས་༢ཀྱི་ཕྱི་དྲོ་ནས་ཚེས་༣གྱི་སྔ་དྲོ་བར་དགུང་ལོ་༧༠ཡོལ་བའི་དགེ་འདུན་པ་༢༥༠མ་གཏོགས་དེ་མིན་དགེ་འདུན་པ་ཚང་མས་དགོན་པ་ནས་ཕྱིར་ཐོན་ཏེ་ ད་ཆ་ཀིརྟི་དགོན་པ་སྟོང་སང་དུ་གྱུར་ཡོད་པའི་ངོ་སྤྲོད་གནང་འདུག ཉེ་དུས་རྒྱ་ནག་གཞུང་གིས་ལྷ་སའི་སྤྱི་ཚོགས་ཀྱི་རྣམ་པ་སྔར་བཞིན་སླར་གསོ་བྱུང་ཏེ་ དྲག་ཆས་ཉེན་རྟོག་པ་གང་ཙམ་ཕྱིར་འཐེན་ཟིན་ལུགས་བརྗོད་ཀྱི་ཡོད་ཀྱང་ བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གོང་གསལ་གསར་འགོད་གསལ་བསྒྲགས་དེའི་ནང་ ལྷ་སའི་ནང་རྒྱ་ནག་གི་དཔུང་དམག་དང་དྲག་ཆས་ཉེན་རྟོག་དམག་མི་མུ་མཐུད་འགྲེམས་འཇོག་ཡོད་པ་གསལ་པོ་ཡིན་ལ་ དམག་དཔུང་གི་དྲག་གནོན་ཤུགས་ཆེ་བྱས་པའི་དབང་གིས་ཞི་རྒོལ་གྱི་གྱེན་ལངས་མ་ཐུབ་པ་མ་གཏོགས་གཞི་རྩའི་ལྷ་སའི་གནས་སྟངས་ཞི་འཇམ་དུ་ཅི་ནས་གྱུར་མེད་པ་སྟེ་ ཉེ་ཆར་ཕྱི་ཟླ་ལྔ་པའི་ནང་དུའང་ལྷ་སར་ཞི་རྒོལ་བསྐྱར་དུ་བྱུང་བའི་གནས་ལུགས་འགྲེལ་བརྗོད་གནང་འདུག་ལ་ གལ་སྲིད་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་གྱི་སྲིད་བྱུས་ལ་ཡོ་བསྲང་དང་ བོད་ནང་དྲག་གནོན་གྱི་ལས་འགུལ་དང་དེ་བཞིན་༸གོང་ས་མཆོག་ལ་མཚན་དམས་ཞུ་རྒྱུ་སོགས་བོད་མིའི་སེམས་ལ་ཕོག་ཐུག་གི་ལས་འགུལ་མཚམས་འཇོག་མ་བྱས་ཚེ་ འབྱུང་འགྱུར་ཡང་བོད་ནང་གི་བོད་མི་ཚོ་འུ་ཐུག་གི་གནས་སྟངས་འོག་ཞི་རྒོལ་མུ་མཐུད་བྱེད་ངེས་ཡིན་པ་གསལ་པོ་རེད་ཅེས་གསལ་འདོན་གནང་འདུག་༎