བོད་ཁུལ་དུ་རྒྱ་དམག་འབུམ་གསུམ་ལྷག་གཏན་སྡོད་བྱས་འདུག
2012.07.30
རོའུ་ཊིར་གསར་ལས་ཁང་གི་གནས་ཚུལ་ནང་། ཨེ་ཞི་ཡའི་རྒྱལ་ཁབ་ཆེ་གྲས་གཉིས་ཏེ་རྒྱ་ནག་དང་རྒྱ་གར་གཉིས་ཀྱིས་ས་ཆ་ཁག་ཅིག་གི་མངའ་ཁོངས་བདག་དབང་ཐད་ཕན་ཚུན་དགྲར་འཛིན་གྱི་རྣམ་པ་ཇེ་གསལ་ཇེ་ཆེ་རུ་འགྲོ་བཞིན་ཡོད་ལ། རྒྱ་ནག་གིས་འདས་པའི་ལོ་ཤོས་སུ་བོད་རང་སྐྱོང་ལྗོངས་ཟེར་བར་ལམ་དང་གནམ་ཐང་མང་པོ་འཛུགས་སྐྲུན་བྱས་ཡོད། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་༢༠༡༠ལོའི་སྙན་ཐོ་ལྟར་ན། རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ལྷོ་ཕྱོགས་མཐའ་མཚམས་སུ་རྡུལ་ཕྲན་མདའ་མགོ་འཁྱེར་ཐུབ་པའི་འབྲིང་ཚད་འཕུར་མདའ་བཙུགས་ཡོད་པ་དང་། བོད་ཁུལ་དུ་རྒྱ་ནག་དམག་མི་འབུམ་གསུམ་གཏན་སྡོད་བྱས་ཡོད་འདུག
དེ་བཞིན་དུ་རྒྱ་གར་ཕྱོགས་ནས་ཀྱང་ལོ་ངོ་བཅུའི་རིང་གི་དམག་ཤུགས་རྒྱ་སྐྱེད་འཆར་གཞི་ལྟར། རྒྱ་གར་རྐང་དམག་གིས་ད་ལོའི་ཕྱི་ཟླ་ལྔ་བ་ནས་བཟུང་རྒྱ་གར་གྱིས་འཱ་རོ་ནཱ་ཅལ་དུ་འབོད་པ་དང་བོད་སྐད་དུ་མོན་རྟ་དབང་ཟེར་བའི་ས་མཚམས་སུ་སྐོར་སྲུང་བྱེད་མགོ་བཙུགས་ཡོད་པ་དང་། དེ་གར་རྒྱ་གར་གྱི་དམག་མི་འབུམ་གཅིག་དང་ཁྲི་གཉིས་གཏན་སྡོད་བྱས་ཡོད་པ་མ་ཟད་ཐད་འཕུར་གནམ་གྲུ་དང་མེ་ཤུགས་འཕུར་མདའ་འཛུགས་འཇོག་ཀྱང་བྱས་ཡོད། རྒྱ་དཀར་ནག་གཉིས་ཀྱི་དམག་ཤུགས་འགྲན་བསྡུར་ཐད་ཐེ་ཝན་གྱི་《ཨེ་ཞི་ཡ་ཞི་བདེ་རྒྱ་མཚོའི་སྲུང་སྐྱོབ་ལས་དོན་དུས་དེབ་》ཀྱི་རྩོམ་སྒྲིག་པ་ཀྲིན་ཇི་ཝེན་གྱི་དཔྱད་བརྗོད་ནང། ད་བར་གྱི་གནས་སྟངས་ལ་གཞིགས་ན་རྒྱ་དཀར་ནག་གཉིས་ཀས་ཅུང་བཟོད་སྒོམ་བྱེད་ཀྱིན་ཡོད་པས་ཕྱོགས་གཉིས་ཀས་འཐབ་འཁྲུག་མི་བྱུང་བའི་རེ་བ་བཅངས་ཡོད་པ་འདྲ། དེ་མིན་ཆབ་སྲིད་ཀྱི་ཐད་ནས་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དཔོན་རིགས་ཕར་འགྲོ་ཚུར་འོང་སོགས་བྱེད་ཀྱིན་པ་དང། གཞན་ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་ལྷོ་ཕྱོགས་ས་ཁུལ་གྱི་འཐབ་ཇུས་དང་རིན་ཐང་གི་ཐད་ནས་བལྟས་ཀྱང་། རྒྱ་དཀར་ནག་བར་འཐབ་འཁྲུག་བསླང་རྒྱུའི་ཚད་ལ་སླེབས་མི་སྲིད་ཅེས་བཀོད་འདུག