བོད་ཁུལ་གྱི་བྱིས་སྙོར་ཁང་ཁག་ཏུ་བོད་ཡིག་དང་བོད་སྐད་ཐོག་དྲམ་དྲག་བྱེད་བཞིན་ཡོད་འདུག

2021.07.30
བོད་ཁུལ་གྱི་བྱིས་སྙོར་ཁང་ཁག་ཏུ་བོད་ཡིག་དང་བོད་སྐད་ཐོག་དྲམ་དྲག་བྱེད་བཞིན་ཡོད་འདུག སློབ་ཚན་གྱི་འཆར་འགོད་སོགས་ཚང་མ་རྒྱ་ནག་གཞུང་གིས་འགྲེམས་སྤེལ་བྱས་པའི་དཔེ་དེབ་ནང་གསལ་བ་བཞིན་ལག་བསྟར་དགོས་པ་རེད་འདུག
File photo/ Reuters

འདི་ལོ་ནས་བཟུང་རྒྱ་ནག་དབུས་དམར་ཤོག་གཞུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་ཇུས་ཟེར་བའི་བཀོད་ཁྱབ་འོག་བོད་ཁུལ་གྱི་བྱིས་གཉོར་ཁང་ཁག་ཏུ་རྒྱ་ཡིག་དང་རྒྱ་སྐད་མ་གཏོགས་བོད་ཡིག་དང་བོད་སྐད་ཀྱི་སློབ་གསོ་སྒྲུབ་མི་ཆོག་པ་བཟོས་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཁུལ་དུ་རྐང་འཛིན་དགེ་རྒན་དང་སློབ་གསོ་དོ་དམ་པ་ཟེར་བ་སོགས་ཀྱི་མིང་བྱང་འོག་ནས། རྒྱ་རིགས་དགེ་རྒན་འཕོན་ཆེ་བོད་ནང་བཏང་འབྱོར་འབྱུང་བཞིན་པས། བོད་མི་འདུས་སྡོད་ཀྱི་ཁོར་ཡུག་ནས་བོད་རིགས་སློབ་ཕྲུག་ཚོས་བོད་སྐད་བོད་ཡིག་མི་ཤེས་པའི་ཉེན་ཁར་འཕྲད་བཞིན་པའི་ཐད་ལ། བོད་རིགས་དགེ་རྒན་དང་ཕ་མ་མང་བོས་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པ་དང་། གནད་དོན་འདིའི་སྐོར་ལ་བོད་ཁུལ་གྱི་གཞི་རིམ་དགེ་རྒན་ཞིག་གིས་འཕྲིན་ཕྲན་གྱི་བརྙན་ཐུང་བརྒྱུད་ནས། བྱིས་གཉོར་སློབ་གསོའི་ཁྲོད་བོད་ཡིག་བོད་སྐད་སྤྱོད་མི་ཆོག་པ་དེས་བོད་ཁུལ་གྱི་བྱིས་པ་དང་དགེ་རྒན་སོགས་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་སྐོར་བརྗོད་ཀྱི་འདུག

བོད་ནང་གི་འབྲེལ་ཡོད་བོད་རིགས་དགེ་རྒན་ཞིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གསུངས་ན། དེ་སྔ་ཡིན་ན་རྒྱ་ཡིག་མ་གཏོགས་གཞན་རྩིས་དངོས་རྫས་གསུམ་ཚང་མ་བོད་ཡིག་ཐོག་ཁྲིད་བཞིན་ཡོད་ཀྱང་། འདི་ལོ་ནས་བཟུང་ཞིང་ཆེན་དང་ཁུལ་རིམ་པའི་བཀོད་ཁྱབ་ཟེར་བའི་དཔེ་དེབ་ཞིག་འགྲེམས་སྤེལ་བྱས་ཏེ། ད་ནས་བཟུང་བོད་ཡིག་མ་གཏོགས་སློབ་ཚན་ཚང་མ་རྒྱ་ཡིག་ཐོག་ནས་ཁྲིད་དགོས་པ་མ་ཟད། སློབ་ཚན་གྱི་འཆར་འགོད་སོགས་ཚང་མ་རྒྱ་ནག་གཞུང་གིས་འགྲེམས་སྤེལ་བྱས་པའི་དཔེ་དེབ་ནང་གསལ་བ་བཞིན་ལག་བསྟར་དགོས་པ་དང་། དཔེ་དེབ་དེ་དག་དགེ་རྒན་ཚོས་ཚོགས་འདུའི་སྐབས་ལྟ་ཀློག་མ་གཏོགས་གཞན་སློབ་གྲྭའི་ཕྱི་ལ་འཁྱེར་བ་དང་། པར་དང་བརྙན་སོགས་བླངས་ནས་གཞན་ལ་བསྐུར་བ་སོགས་གཏན་ནས་བྱེད་མི་ཆོག་པ་བྱས་ཡོད་སྐོར་བརྗོད་བྱུང་།

དེ་ཡང་བོད་ཁུལ་གྱི་གཞི་རིམ་དགེ་རྒན་ཁོང་གིས་འཕྲིན་ཕྲན་བརྒྱུད་ནས་བཤད་པའི་བརྙན་དེའི་ནང་། བོད་ཁུལ་སོ་སོའི་བྱིས་སློབ་ཁང་མང་པོ་ཞིག་གི་ནང་དུ། བོད་ཀྱི་བྱིས་པ་ཚོས་བོད་སྐད་རྩ་བ་ནས་མི་ཤེས་པ་དང་བཤད་ཤེས་ཀྱི་མི་འདུག་པ་མ་ཟད། ང་ཚོའི་ངོས་ནས་ཁྱོད་ཚོས་བོད་སྐད་ཤོད་དགོས་པར་སྐུལ་ན་ཡང་། བྱིས་པས་ངས་བོད་སྐད་མི་ཤེས་ཁག་པོ་འདུག་དང་ངའི་ཁ་ནང་ལ་ཡོང་གི་མི་འདུག་ཟེར་བ་སོགས་ཀྱི་གནད་དོན་དངོས་སུ་བྱུང་གི་ཡོད་པ་དང་། འདིའི་གནད་འགག་གང་ལ་ཐུག་ཡོད་ཅེ་ན་བོད་ཁུལ་གྱི་བྱིས་སློབ་ཁང་གི་ནང་དུ་རྒྱ་སྐད་མ་གཏོགས་བོད་སྐད་བཤད་མི་ཆོག་པ། ཏང་ཀྲུང་དབྱང་ནས་སློབ་གྲྭའི་ནང་གཅིག་གྱུར་གྱི་ཐབས་ལམ་དེ་གཏན་ཁེལ་བྱས་བཞག་ཡོད་པ་རེད། བྱིས་སློབ་ཁང་གི་ནང་དུ་བོད་སྐད་བཤད་མི་ཆོག་ནའང་། གཙོ་བོ་བོད་སྐད་ཡིག་གི་སློབ་གསོ་སྲུང་སྐྱོང་ཐུབ་མིན་དེ་བྱིས་པའི་ཕ་མར་རག་ལས་ཡོད་པ་རེད། ཅེས་བློ་འཚབ་དང་འུ་ཐུག་གི་སྒོ་ནས་བོད་རིགས་བྱིས་པ་བྱིས་གཉོར་ཁང་དུ་སྐྱེལ་མཁན་གྱི་ཕ་མ་ཚོར་རེ་སྐུལ་ཞུས་འདུག

གནད་དོན་འདིའི་ཐད་བཞུགས་སྒར་རྡ་རམ་ས་ལར་ཆགས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ནང་གི་ཤེས་ཡོན་སྲིད་བྱུས་ཐད་ཉམས་ཞིབ་གནང་མཁན་ཀརྨ་བསྟན་འཛིན་ལགས་ཀྱིས། རྒྱ་ནག་གཞུང་གིས་ཉེ་བའི་ཆར་ནས་བོད་ཀྱི་སྐད་ཡིག་རིག་གཞུང་མེད་པ་བཟོ་ཐབས་ཀྱི་སྲིད་བྱུས་འདྲ་མིན་བྱེད་བཞིན་ཡོད་པ་མ་ཟད། བོད་ཡིག་སྒེར་གཉེར་སློབ་གྲྭ་ཁག་སྒོ་བརྒྱབས་པ་སོགས་བྱས་ཏེ། ད་ལྟའི་ཆར་དངོས་སུ་བོད་ནང་གི་གཞི་རིམ་སློབ་གྲྭ་ནས་བཟུང་གུང་ཁྲན་ཏང་གལ་ཆེན་པོ་ཡིན་པ་དང་། བོད་ཀྱི་སྐད་དང་རིག་གཞུང་སོགས་ཚིག་གཅིག་མི་ཤེས་པའི་ཐབས་ཤེས་བྱེད་བཞིན་པ་ཡིན་སྐོར་གསུངས་སོང་།

འདས་པའི་ལོ་ངོ་འདི་དག་རིང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་མི་རིགས་རྒྱ་བསྒྱུར་དང་སྐད་ཡིག་རྒྱ་སྒྱུར་གྱི་ལས་འགུལ་ཁྲོད། རྒྱ་རིགས་དགེ་རྒན་མང་པོ་བོད་ཁུལ་དུ་རྣམ་པ་འདྲ་མིན་ཐོག་ནས་བཏང་ཡོད་པ་དང་། འདི་ལོ་བོད་རང་སྐྱོང་ལྗོངས་སློབ་གསོ་ཁང་ཟེར་བས་བཏོན་པའི་མིང་ཐོ་ལྟར་ན། ཕྱི་ལོ་༢༠༢༠ ལོ་གཅིག་པུར་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་གཞི་རིམ་སློབ་གྲྭ་ ༢༡ གི་ནང་དུ་རྒྱ་རིགས་རྐང་འཛིན་དགེ་རྒན་དང་སློབ་གྲྭའི་དོ་དམ་པ་༤༣༥ཆེད་གཏོང་དང་། རྒྱ་ནག་གི་རིགས་གཅིག་མཁས་ཅན་དང་དགེ་རྒན་གྲགས་ཅན་ཟེར་བའི་རྒྱ་རིགས་ལས་བྱེད་པ་ ༢༣༩ མངགས་གཏོང་བྱས་ནས་དགེ་སློབ་གཉིས་ཀྱི་བསམ་བློའི་ཀུན་སྤྱོད་དང་ཆབ་སྲིད་སློབ་གསོ། སློབ་ཁྲིད་དང་ཀློག་དེབ། ཞིབ་འཇུག་བྱེད་ཕྱོགས་ཀྱི་གསོ་སྦྱོང་སྤྲད་ཡོད་སྐོར་བསྒྲགས་ཡོད་པ་དང་། གཞན་ཕྱི་ལོ་ ༢༠༢༠ ལོ་མཇུག་བར་དུ་བོད་རང་སྐྱོང་ལྗོངས་ནང་ཁྱོན་བྱིས་གཉེར་ཁང་ ༢༡༩༩ དང་བྱིས་པ་ཁྲི་ ༡༥.༠༩༣༤ ཟིན་ཚུལ་རྒྱ་ནག་གཞུང་གི་ཤིན་ཧྭ་གསར་འགྱུར་ཁང་ཟེར་བས་བསྒྲགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎