རྒྱ་ནག་གཞུང་གིས་རྨ་སྟོད་རྫོང་གི་ས་འགུལ་བསྐྱར་སྐྲུན་ལས་གཞི་ཞེས་པར་ཁ་གཡར་ནས་ཡུལ་དེའི་དགོན་གྲོང་གཉིས་ཀྱི་སྡོད་ཁང་ཁག་གཏོར་བཤིག་གཏོང་བཞིན་ཡོད་འདུག

2021.09.21
རྒྱ་ནག་གཞུང་གིས་རྨ་སྟོད་རྫོང་གི་ས་འགུལ་བསྐྱར་སྐྲུན་ལས་གཞི་ཞེས་པར་ཁ་གཡར་ནས་ཡུལ་དེའི་དགོན་གྲོང་གཉིས་ཀྱི་སྡོད་ཁང་ཁག་གཏོར་བཤིག་གཏོང་བཞིན་ཡོད་འདུག དགོན་གྲོང་གཉིས་ཀྱི་ཡུལ་མི་ཚོའི་སྡོད་ཁང་ཁག་ཚང་མ་གཏོར་བཤིག་གིས་ཤུལ་དུ་རྒྱ་ལུགས་ཀྱི་ཁང་པ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པའི་ཐད་དོགས་གཞི་ཆེན་པོ་བྱེད་བཞིན་ཡོད་འདུག
Photo: RFA

འདི་ལོའི་ཕྱི་ཟླ་༥་ཚེས་༢༢ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་དུ་ས་ཡོམ་རིམ་པ་༧.༤་བརྒྱབ་ནས་མི་རྒྱུ་གཉིས་ལ་གྱོང་གུད་ཆེན་པོ་ཐེབས་ཡོད་པ་ལྟར། ཕྱི་ཟླ་༧པའི་ཚེས་མགོ་ནས་བཟུང་རྒྱ་ནག་གཞུང་ཕྱོགས་ནས་ས་འགུལ་གནོད་ཤུལ་བསྐྱར་བསྐྲུན་ཞེས་པའི་ལས་གཞི་ཞིག་མགོ་བརྩམས་ཏེ། ཡུལ་དེར་ཡོད་པའི་ལུང་སྐྱ་དགོན་གཙོས་དགོན་པ་ཁག་ཅིག་དང་ས་ཡོམ་བྱུང་ཁུལ་གྱི་ས་གནས་ཡུལ་མི་ཚོའི་སྡོད་ཁང་སོགས་གནོད་སྐྱོན་བྱུང་ཡོད་མེད་གཉིས་ཀ་གཏོར་བཤིག་གཏོང་བཞིན་ཡོད་པ་མ་ཟད། དགོན་པ་ཁག་ཏུ་གྲྭ་བ་ཚོས་འདོད་མོས་ཡོད་མེད་ལ་བལྟོས་མེད་ཀྱིས་གྲྭ་ཤག་ཚང་མ་བཤིག་ནས་ཤུལ་དུ་སྡོད་ཁང་ལ་ལྕགས་ཤོག་གི་ཁང་པ་རྒྱག་བཞིན་ཡོད་པ་དང་། དགོན་གྲོང་གཉིས་ཀྱི་ཡུལ་མི་ཚོའི་སྡོད་ཁང་ཁག་ཚང་མ་གཏོར་བཤིག་གིས་ཤུལ་དུ་རྒྱ་ལུགས་ཀྱི་ཁང་པ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པའི་ཐད་དོགས་གཞི་ཆེན་པོ་བྱེད་བཞིན་ཡོད་སྐོར། འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ།དགོན་པ་ཁག་གི་གྲྭ་ཤག་གཏོར་བཤིག་དེ་འདི་ལོའི་ཕྱི་ཟླ་༩པའི་ཚེས་མགོ་ཙམ་ནས་བརྩམས་ཡོད་པ་དང་། སྤྱིར་ས་ཡོམ་གྱིས་ས་ཁུལ་ཁག་ཅིག་ཏུ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་ན་ཡང་། ཚང་མ་གཏོར་བཤིག་གཏོང་དགོས་པའི་གནས་སྟངས་དེ་འདྲ་ཁྱོན་ནས་ཡོད་པ་མ་རེད་ལ། ས་འགུལ་བྱུང་བ་ཡིན་ན་ལྕགས་ཤོག་ཁང་པ་དེ་དག་བདེ་འཇགས་ཡོད་སྐོར་བརྗོད་ནས་རྒྱག་བཞིན་ཡོད་པ་དང་། མ་འོངས་པར་གཞུང་ངོས་ནས་སྡོད་ཁང་སོགས་འཛུགས་སྐྲུན་བྱ་རྒྱུ་ཡིན་སྐོར་བཤད་ཡོད་ཀྱང་། ཁང་པ་སོགས་གནོད་སྐྱོན་ཐེབས་ཡོད་མེད་གཉིས་ཀ་གཏོར་བཤིག་གཏོང་བཞིན་པ་དང་།དེ་བཞིན་ལས་གཞི་དེ་ཚང་མ་རྒྱ་ནག་གཞུང་གི་འདོད་ཕྱོགས་གཞིར་བཟུང་འཛུགས་སྐྲུན་བྱེད་བཞིན་ཡོད་སྟབས། བོད་ཁྱིམ་གྱི་རྣམ་པ་གང་ཡང་མེད་པར་བསྒྱུར་རྒྱུའི་བློ་ཚབས་བྱེད་བཞིན་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་ས་འགུལ་གནོད་ཐེབས་ཤུལ་དུ་འཆམ་མཐུན་ཁྱིམ་གཞིས་འཛུགས་སྐྲུན་བཟོ་དགོས་པའི་བཀོད་ཁྱབ་ཤུགས་ཆེར་གཏོང་བཞིན་ཡོད་སྐོར་བརྗོད་བྱུང་
དེ་བཞིན་འདི་ལོའི་ཕྱི་ཟླ་༧ནང་རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ཞིག་ཏུ། རྨ་སྟོད་ས་འགུལ་བསྐྱར་སྐྲུན་གྱི་ལས་གཞི་མགོ་བརྩམས་པ་ནི་ཞི་ཅིན་ཕིན་གྱིས་མཚོ་སྔོན་གྱི་ལྟ་སྐོར་སྐབས་ཀྱི་གཏམ་བཤད་ཀྱི་དགོངས་དོན་ལག་ལེན་གྱི་འགུལ་སྐྱོད་ཅིག་ཡིན་སྟབས། ས་འགུལ་གནོད་ཤུལ་བསྐྱར་བསྐྲུན་ཐད་སྲིད་གཞུང་གིས་ཁོར་ཡུག་སླར་གསོ་དང་སྡོད་ཁང་འཛུགས་སྐྲུན། འཆམ་མཐུན་ཁྱིམ་གཞི་བཅས་བཟོ་སྐྲུན་ཆེན་པོ་བརྒྱད་ལག་བསྟར་བྱེད་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། རྒྱ་ནག་གཞུང་གིས་ད་བར་བོད་ཁུལ་དུ་འཆམ་མཐུན་ཁྱིམ་གཞིས་འཛུགས་སྐྲུན་ཟེར་བ་ནི་ཁ་འཐོར་དུ་ཡོད་པའི་ཁྱིམ་ཚང་རྣམས། ཕྱོགས་གཅིག་ཏུ་བསྡུས་ནས་སྟངས་འཛིན་སྟབས་བདེ་སྐྲུན་ཐབས་ཀྱི་རྣམ་པ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་དེ་སྔ་སྐྱེ་རྒུ་མདོ་ས་འགུལ་བསྐྱར་སྐྲུན་སྐབས་སུ་ཡང་མི་མང་གི་བདེ་འཇགས་དང་ཡུལ་ཤུལ་འཆམ་མཐུན་ཁྱིམ་གཞིས་བསྐྱར་སྐྲུན་ཞེས་པ་ཞིག་ལ་ཁ་གཡར་ནས། ས་འགུལ་བྱུང་རྗེས་ཀྱི་གོ་སྐབས་དང་བསྟུན་ནས་འཛུགས་སྐྲུན་སྣ་ཚོགས་བྱས་ཏེ། སྐྱེ་རྒུ་མདོ་དེ་སྔའི་བོད་ཁྱིམ་གྱི་རྣམ་པ་སོགས་གང་ཡང་མེད་པར་རྒྱ་ལུགས་ཀྱི་གྲོང་ཁྱེར་ལྟ་བུ་ཞིག་ཏུ་བསྒྱུར་ཡོད་པ་རེད།
དེ་སྔ་ཡུལ་དེར་ས་ཡོམ་བྱུང་སྐབས་རྒྱ་ནག་གཞུང་གི་གསར་ལམ་ཁག་ཏུ་གཞུང་ཕྱོགས་ནས་ས་གནས་ཡུལ་མི་ཚོར་རོགས་སྐྱོར་ཆེན་པོ་བྱེད་བཞིན་ཡོད་སྐོར་ཤུགས་ཆེར་བསྒྲགས་ཡོད་ན་ཡང་། རྗེས་སུ་རོགས་སྐྱོར་སོགས་ཆེན་པོ་གང་ཡང་བྱས་མེད་པ་འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་མ་ཟད། ས་འགུལ་བསྐྱར་སྐྲུན་ལས་གཞི་མགོ་འཛུགས་སྐབས་ས་གནས་ཡུལ་མི་ཚོར་བཙན་ཐབས་ཀྱིས་སྡོད་ཁང་སོགས་གཏོར་བཤིག་གཏོང་བཅུག་པ་ལས། སྲིད་གཞུང་ངོས་ནས་འཕྲུལ་ཆས་དང་ལས་མི་སོགས་ཀྱི་རོགས་སྐྱོར་གང་ཡང་མེད་པའི་གནས་སྟངས་འབྱུང་གི་ཡོད་པ་རེད།
མགོ་ལོག་རྨ་སྟོད་རྫོང་ནི་ད་ལྟའི་རྒྱ་ནག་གཞུང་གིས་བཅད་བགོས་བྱས་ཡོད་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་ཁོངས་སུ་ཡོད་པ་དང་། ས་ཁུལ་དེ་དག་ནི་བོད་རིགས་འདུས་སྡོད་ཀྱི་འབྲོག་ལས་གཙོ་གཉེར་གྱི་ས་ཆ་ཞིག་ཡིན་པ་མ་ཟད། རྨ་སྟོད་རྫོང་གི་ས་ཁུལ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༢༤༤༩༤་ལྷག་ཡོད་དང་། ཕྱི་ལོ་༢༠༡༣་ལོའི་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། རྫོང་ཁུལ་དེར་མི་འབོར་༡༥༠༠༠་ཙམ་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎