ལྷ་ས་ཁུལ་དུ་ལོ་སར་སྐབས་མི་མང་འདུ་འཛོམས་ཐད་དོགས་ཟོན་དང་འགྲོ་ལམ་བཀག་འགོག་སོགས་བྱེད་བཞིན་ཡོད་འདུག

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༢ ཚེས་ ༡༠ དང་བོད་ཟླ་ ༡ ཚེས་ ༡ ཉིན་དེ་བོད་ཀྱི་ལོ་སར་ལ་འཁེལ་ཡོད་པ་བཞིན། བོད་ཀྱི་ལོ་སར་དང་བསྟུན་བོད་ཀྱི་མདོ་སྨད་གཉིས་གཙོས་བོད་ཀྱི་ས་ཁུལ་ས་ཁུལ་གང་ས་ནས། བོད་ཀྱི་རྒྱལ་ས་ལྷ་སར་མི་མང་ཕོན་ཆེན་འདུ་འཛོམས་བྱེད་བཞིན་པ་དང་བསྟུན། རྒྱ་ནག་གཞུང་ངོས་ནས་ལོ་སར་ཚེས་གཅིག་ཉིན་ལྷ་སའི་གཞུང་ལམ་ཁག་ཅིག་བཀག་འགོག་བྱེད་བཞིན་པའི་བརྡ་ཁྱབ་བཏང་ཡོད་པ་དང་། ལོ་སར་དང་བསྟུན་ལོ་བསྟུན་མར་མི་མང་འདུ་འཛོམས་ལ་དོགས་ཟོན་ཡོད་པ་བཞིན། འདི་ལོ་ཡང་མཆོད་མཇལ་བྱེད་ཡུལ་ཁག་ཏུ་ཞིབ་བཤེར་ས་ཚིགས་ཆེད་འཛུགས་བྱས་ཏེ། མི་མང་འདུ་འཛོམས་ཐད་དོགས་ཟོན་བྱེད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་རྒྱ་ནག་གཞུང་འབྲེལ་གཙུག་ལག་ཁང་དོ་དམ་ལས་ཁུངས་ངོས་ནས། ཚེས་གཅིག་མ་གཏོགས་ཕྱི་ཟླ་ ༢ཚེས་ ༡༦ བར་གཙུག་ལག་ཁང་དད་ལྡན་མི་མང་ལ་མཆོད་མཇལ་ཆེད་སྒོ་ཕྱེ་རྒྱུ་མིན་པའི་བརྡ་ཁྱབ་སྤེལ་འདུག་ལ། ཡང་ལྷ་ས་སྤྱི་བདེ་ཉེན་རྟོག་ཁང་གི་བརྡ་ཁྱབ་ནང་། ལོ་སར་ཚེས་གཅིག་ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡ ནས་བཟུང་། གནས་ཆུང་ལྷ་གསོལ་སྐབས་ཉེན་རྟོག་པས་གཞུང་ལམ་ཁག་ཅིག་བཀག་འགོག་གིས། སྐབས་དེར་མི་མང་ནས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ཐོབ་ཐང་ལག་འཁྱེར་འཁྱེར་ནས་ཡོང་དགོས་སྐོར་སོགས་བསྒྲགས་འདུག
ཕྱི་ལོ་ ༢༠༢༣ ལོའི་བོད་ཀྱི་ལོ་སར་བསླེབ་ལ་ཉེ་བ་དང་བསྟུན། རྒྱ་ནག་གཞུང་ངོས་ནས་ལྷ་ས་ཡོངས་སུ་དམག་མི་དང་ཉེན་རྟོག་པ་ཕོན་ཆེན་འགྲེམས་འཇོག་དང་། ཞིབ་བཤེར་ས་ཚུགས་གསར་སྐྲུན་གྱིས་མི་མང་གི་འགྲོ་སྐྱོད་ལ་ལྟ་བཤེར་ཤུགས་ཆེར་བྱས་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་ངོས་ནས་བོད་ནང་དམག་མི་དང་ཉེན་རྟོགས་པ་འགྲེམས་འཇོག་བྱེད་བཞིན་པ་དེ་རིགས་སྤྱི་ཚོགས་བདེ་འཇགས་དང་། མི་མང་གི་བདེ་འཇགས་ཆེད་ཡིན་སྐོར་བརྗོད་ནས་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད།
སྤྱིར་རྒྱ་ནག་གཞུང་འབྲེལ་ངོས་ནས་ནམ་རྒྱུན་ལྷ་ས་ཁུལ་དུ་མི་མང་འདུ་འཛོམས་དང་དུས་དྲན་སོགས་ཀྱི་སྐབས་ཉེན་རྟོག་པ་འགྲེམས་འཇོག་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད་ལ། སྔར་ལོའི་ལོ་སར་དང་བོད་ནང་གི་དགོན་སྡེ་ཁག་གི་སྨོན་ལམ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ། རྒྱ་ནག་གཞུང་ངོས་ནས་ལྷ་སའི་དགོན་སྡེ་ཁག་དང་མདོ་སྟོད་སྨད་ཀྱི་དགོན་པ་ཁག་ཏུ་དམག་མི་འགྲེམས་འཇོག་གིས་དམ་དྲགས་ཤུགས་ཆེར་བྱས་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།