ལོ་གསར་ཚེས་གཅིག་ཉིན་བོད་དོན་ཆེད་ཟས་བཅད་ངོ་རྒོལ།


2015.02.20
བསྟན་པ་དར་རྒྱས་ལགས་དང་དཀོན་མཆོག་ཆོས་དབྱངས་བློ་གྲོས་ལགས་གཉིས་ཀྱིས་ལོ་གསར་སྐབས་ཟས་བཅད་ངོ་རྒོལ་གནང་སྐབས། ༢༠༡༥།༢།༡༩ བསྟན་པ་དར་རྒྱས་ལགས་དང་དཀོན་མཆོག་ཆོས་དབྱངས་བློ་གྲོས་ལགས་གཉིས་ཀྱིས་ལོ་གསར་སྐབས་ཟས་བཅད་ངོ་རྒོལ་གནང་སྐབས། ༢༠༡༥།༢།༡༩
མཐུན་འགྱུར་པར་རིས།

བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་བོད་མི་གཉིས་ཀྱིས་བོད་དོན་ཆེད་དུས་ཚོད་བཅུ་གཉིས་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཟླ་བ་འདིའི་ཚེས་༡༩སྟེ་བོད་ཀྱི་ལོ་སར་ཚེས་གཅིག་གི་ཉིན་། ཟླ་བ་གསུམ་ཙམ་གྱི་སྔོན་ལ་ཨོ་སུ་ཌི་རེ་ཡའི་ནང་གཞིས་སྤོར་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་ཀྱིས། ཨོ་སུ་ཌི་རེ་ཡའི་རྦི་རོས་སུ་རྦན(Brisbane)ས་གནས་ཀྱི་ཐང་ཆེན་དུ་ཁོང་སྒེར་ངོས་ནས་ད་ལྟའི་བར་རང་ལུས་མེར་བསྲེག་བཏང་བའི་བོད་མི་བརྒྱ་དང་སུམ་ཅུ་ལྷག་གི་སྐུ་པར་བསྐྱར་པར་དང་། བོད་ཀྱི་རྒྱལ་དར་ཕྱར་ནས་དུས་ཚོད་བཅུ་གཉིས་རིང་བོད་དོན་ཆེད་ཟས་བཅད་ངོ་རྒོལ་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། ས་གནས་དེའི་བོད་རིགས་ཚོགས་པའི་དྲུང་ཆེ་དཀོན་མཆོག་ཆོས་དབྱངས་བློ་གྲོས་ལགས་ཀྱིས་ལས་འགུལ་དེར་རྒྱབ་སྐྱོར་བྱས་ནས་ཁོང་དང་མཉམ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། ཡིན་ནའང་དུས་ཚོད་གཅིག་ཙམ་རྗེས་སུ་ས་གནས་ཉེན་རྟོག་པས་ལས་འགུལ་དེ་སྤེལ་བར་སྔོན་ནས་ཆོག་མཆན་ཐོབ་མིན་ལ་མ་ལྟོས་བར་། སྐུ་པར་དང་རྒྱལ་དར་འཕྱར་མི་ཆོག་པའི་བཀའ་བཏང་བར་བརྟེན། ཁོང་གཉིས་ཀྱིས་བོད་ཀྱི་རྒྱལ་དར་ལུས་པོའི་ཐོག་གྱོན་ནས་མུ་མཐུད་དུ་ཐང་ཆེན་དེར་བསྡད་ནས་མི་མང་ཁྲོད་བོད་དོན་དྲིལ་བསྒྲགས་ཆེད་ཡིག་ཆ་ལྔ་བརྒྱ་ལྷག་དཔར་ཡོད་པ་ཚང་མ་འགྲེམ་སྤེལ་བྱས་ཡོད་པ་རེད།
བསྟན་པ་དར་རྒྱས་ལགས་ནི་བོད་ནང་རྒྱ་ནག་གི་བཙོན་འཇུག་འོག་མནར་གཅོད་མྱོངས་མཁན་ཞིག་ཡིན་པས། ཁོང་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བ་ནས་མུ་མཐུད་དུ་འཛམ་གླིང་ཐོག་བོད་ཀྱི་གནས་སྟངས་འགྲེལ་བརྗོད་ཀྱི་ལས་དོན་ནང་ཞུགས་ཡོད། ལྷག་པར་དུ་སྤྱི་ལོ་༢༠༡༤ལོའི་ལོ་སར་ཚེས་གཅིག་ནས་ཁོང་གིས་༼བོད་གཞིས་བྱེས་ལྷན་འཛོམས་མ་བྱུང་བར་ངས་ལོ་མི་སར་༽ཞེས་པའི་ལས་འགུལ་ཞིག་སྤེལ་ཡོད་པ་ལྟར། ད་ལོ་ཁོང་ཨོ་སུ་ཌི་རེ་ལི་ཡའི་ནང་གཞིས་སྤོར་ནས་ཟླ་བ་ཁ་ཤས་ལས་འགོར་མེད་ནའང་བོད་ཀྱི་ལོ་གསར་སྐབས་དུས་ཚོད་བཅུ་གཉིས་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་། ད་བར་བོད་ནང་རང་ལུས་མེར་བསྲེག་བཏང་བའི་བོད་མི་ཚོར་མྱ་ངན་དང་། དེ་དག་གི་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད། དེ་བཞིན་བོད་ཀྱི་གནས་སྟངས་ལ་འཛམ་གླིང་ཐོག་སྔར་ལས་དོ་སྣང་ཡོང་བའི་འབོད་སྐུལ་ཞུས་བ་ཡིན་ཞེས་བསྟན་པ་དར་རྒྱས་ལགས་ཀྱིས་འདིར་གར་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎