བཞུགས་སྒར་རྡ་སར་བོད་ཀྱི་གཞུང་འབྲེལ་ལོ་གསར་སྲུང་བརྩི་ཞུས་པ།
བོད་ཤིང་འབྲུག་ལོའི་གནམ་ལོ་གསར་དུ་བཞད་པའི་ཚེས་གཅིག་གི་སྔ་དྲོར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུས་པའི་དགེ་འདུན་པ་རྣམ་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་དང་སྤྱི་འཐུས་ཚོགས་གཞོན་གཙོས་པའི་མཛད་གཙོ་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་པ་རྣམས་ལྷན་འཛོམས་ཀྱིས། ཚེས་གཅིག་གི་ཚེ་གཏོར་ཆོ་གའི་སྒོ་ནས་བོད་ཀྱི་གཞུང་འབྲེལ་ལོ་གསར་སྲུང་བརྩི་ཞུས་གནང་སོང་།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ཏེ། གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་ཞུས་བ་དང་སྦྲགས། གཞིས་བྱེས་བོད་མི་རྣམས་མགྱོགས་མྱུར་ལྷན་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།
ཡང་སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ཀྱིས། ལོ་གསར་པའི་ལམ་བུ་འདི་ནི་ཚང་མས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐབས་ལ་འབད་དེ། བཟོད་བསྲན་དང་། གུ་ཡངས་ཀྱི་སྒོ་ནས་ལས་དོན་བསྒྲུབ་ཐུབ་པའི་རེ་བ་ཡོད་པ་གསུངས་སོང་།
དེ་ནས་ཚེས་གཅིག་གི་ཚེ་གཏོར་ཆོ་ག་རྣམས་གྲུབ་པའི་རྗེས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཚོགས་ཁང་ཆེན་མོའི་ནང་། སྲིད་ཚབ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས། ༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དེ་ནས་ཚོགས་ལངས་པ་གཉིས་ནས་ཆོས་ཀྱི་བགྲོ་གླེང་གནང་བ་དང་། བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་གར་གླུ་གཟིགས་འབུལ་ཞུས་གནང་སོང་། དེ་དང་ཕྱོགས་མཚུངས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལོ་གསར་དང་འབྲེལ་རྣམ་ཀུན་ལྟར་མཆོད་བཞེངས་རྒྱས་པོ་ཞེ་དྲགས་གནང་འདུག་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་མི་མང་ཕོན་ཆེན་འདུ་འཛོམས་ཀྱིས། བང་སྒྲིག་ཏེ། ཆོས་མཇལ་དུ་བཅར་བཞིན་འདུག་ཅིང་། རྡ་ས་ས་གནས་འགོ་འཛིན་གཙོས་པའི་བོད་མི་ཁག་ཅིག་གིས། འདི་གའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བརྒྱུད་ནས་གཞིས་བྱེས་བོད་མི་ཡོངས་ལ་ལོ་གསར་འཚམས་འདྲི་ཞུས་ཏེ། མགྱོགས་མྱུར་ལྷན་འཛོམས་ཡོང་བའི་སྨོན་འདུན་ཡང་ཞུ་གནང་གི་འདུག
འོན་ཀྱང་། ལོ་གསར་ཚེ་གཅིག་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་མི་མང་ཕོན་ཆེན་འདུ་འཛོམས་ཐད་དོགས་ཟོན་བྱེད་བཞིན་ཡོད་པ་མ་ཟད། ལྷ་སའི་གཞུང་ལམ་ཁག་ཅིག་བཀག་འགོག་བྱེད་བཞིན་པའི་བརྡ་ཁྱབ་ཀྱང་བཏང་ཡོད་འདུག་ལ། མཆོད་མཇལ་བྱེད་ཡུལ་ཁག་ཏུ་ཞིབ་བཤེར་ས་ཚིགས་ཆེད་འཛུགས་བྱས་ཡོད་པ་བོད་ནང་གི་བོད་མི་གཉིས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
གཞན་ཡང་བོད་ནང་གི་སྲོལ་རྒྱུན་ལུགས་སྲོལ་ལྟར། བཙན་བྱོལ་ནང་དུ་ཡང་བོད་མི་ཚོས་ལོ་གསར་ཚེས་པ་ ༡༥ བར་དུ་སྡེར་ཁ་སྒྲིག་གཤོམ་གནང་གི་ཡོད་ཅིང་། ཚེས་པ་ ༡༤ ཉིན་གར་འཆམ་དང་ཚེས་པ་ ༡༥ ཉིན་བཅོ་ལྔའི་མཆོད་པ་ཞེས་སྲུང་བརྩི་ཞུ་ཡི་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།