ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་སུ་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་འདུག

2024.09.13
ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་སུ་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་འདུག དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་ཀྱི་པར་རིས། ཟླ་ཚེས་མི་གསལ།
མི་སེར་གསར་འགོད་པ།

འདིར་གནན་ན་དབྱིན་ཡིག་ནང་འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ཀློག་ཐུབ།

ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༦ པའི་ནང་ཕྱི་ཕྱོགས་སུ་འབྲེལ་འདྲིས་དང་བཙན་བྱོལ་ནང་གི་དཔེ་དེབ་བོད་ནང་དཔར་སྐྲུན་བྱས་སྐོར་གྱི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་ཀྱིས། གར་སོང་ཆ་མེད་དུ་གྱུར་བའི་རྔ་བ་ཀིརྟི་དགོན་པའི་དཔེ་མཛོད་འགན་འཛིན་ཟུར་བ་དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་སུ། ལོ་ངོ་ཧྲིལ་པོ་གཅིག་ལྷག་རིང་བཀག་ཉར་འདྲི་རྩད་རྗེས། ཁ་བྲལ་གྱི་ལས་དོན་གཉེར་བའི་ཉེས་འཛུགས་འོག་ལོ་ངོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། རྒྱ་ནག་སི་ཁྲོན་ཏེན་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་ནས་མུ་མཐུད་བརྗོད་དོན་ལ། དགེ་འདུན་པ་ཐབས་མཁས་ལགས་འཛིན་བཟུང་རྗེས་གར་སོང་ཆ་མེད་དུ་གྱུར་ནས། ནང་མི་དང་ཉེ་འབྲེལ་སོགས་ཀྱིས་ཤེས་རྟོགས་གང་ཡང་མེད་པར་ལྷག་ཡོད་པ་དང་། ཉེ་སྔོན་ནས་འབྲེལ་ཡོད་ཁག་ཅིག་བརྒྱུད་ཁོང་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ཤེས་རྟོགས་བྱུང་ན་ཡང་། ཟླ་དུས་ཚེས་གྲངས་ག་དུས་ཤིག་ལ་ཁྲིམས་ཐག་བཅད་མིན་དང་། ཁྲིམས་བཤེར་ག་འདྲ་བྱས་མིན་སོགས་ནང་མི་དང་འབྲེལ་ཡོད་ལ་བརྡ་ལན་གང་ཡང་མེད་པར་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པ་འགྲེལ་བརྗོད་གནང་བྱུང་།

དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་རྒྱ་ནག་གཞུང་གིས་དེ་སྔ་འཛིན་བཟུང་བྱེད་སྐབས། ཁོང་གིས་ཀིརྟི་དགོན་པའི་དཔེ་མཛོད་འགན་འཛིན་གྱི་ཕྱག་ལས་གནང་སྐབས་ཀིརྟི་རིན་པོ་ཆེའི་བཀའ་སློབ་དཔེ་དེབ་དང་།  བཙན་བྱོལ་ནང་གི་གདན་ས་ཁག་གཙོས་དགོན་ས་ཁག་གི་དཔེ་དེབ། བོད་ནང་དུ་དཔེ་རྒྱུན་དཀོན་རིགས་དཔར་སྐྲུན་བྱས་སྐོར་དང་། ཕྱི་ཕྱོགས་ཀྱི་བོད་མི་ཚོར་འབྲེལ་བ་བྱས་སྐོར་གྱི་ཉེས་འཛུགས་དང་། འཛིན་བཟུང་མ་བྱས་སྔོན་ཐེངས་ཁ་ཤས་ལ་འབོད་འགུག་འདྲི་རྩད་བྱས་རྗེས། གློ་བུར་ཀིརྟི་དགོན་པའི་རང་ཤག་ཏུ་རྔ་བ་རྫོང་ཉེན་རྟོག་པས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་ནི་ཕ་ཡུལ་རྔ་བ་རྨེའུ་རུ་མ་རུ་ཆེན་གསུམ་པ་ནས་ཡིན་ཞིང་། ཁོང་ད་ལྟའི་ཆར་དགུང་ལོ་ ༥༥ ཡིན་པ་དང་། རྒྱ་ནག་གཞུང་གིས་ཁོང་དེ་སྔ་ཕྱི་ལོ་ ༢༠༢༣ ལོའི་ནང་འཛིན་བཟུང་བྱེད་སྐབས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་རྔ་བ་རྫོང་སྤྱི་ཉེན་རྟོག་ཁང་དུ་འབྲེལ་བ་བྱས་ཀྱང་། ལས་བྱེད་ཅིག་ནས་ཁྱེད་ཚོས་ས་ཆ་གང་ཞིག་ནས་འབྲེལ་བ་བྱེད་བཞིན་ཡོད། དགེ་འདུན་པ་བློ་བཟང་ཐབས་མཁས་རྩད་འཚོལ་བྱས་ནས་དོན་དག་ག་རེ་ཡོད་དམ། ཁོང་སྒེར་ལ་འབྲེལ་བ་བྱོས་མ་གཏོགས་ང་ཚོས་ངོས་ནས་ཁོང་ངོ་ཤེས་ཀྱི་མེད་ཅེས་པ་ལས་ལན་འདེབས་བྱས་མེད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎