བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་ཚོགས་ཆེན་དབུ་མཛད་ཟུར་པ་བློ་བཟང་བཀྲ་ཤིས་ལགས་སུ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

2024.01.19
བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་ཚོགས་ཆེན་དབུ་མཛད་ཟུར་པ་བློ་བཟང་བཀྲ་ཤིས་ལགས་སུ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག རྔ་པ་ཀིརྟི་དགོན་པའི་ཚོགས་ཆེན་དབུ་མཛད་ཟུར་པ་བློ་བཟང་བཀྲ་ཤིས་ལགས་ཀྱི་པར་རིས། ཟླ་ཚེས་མི་གསལ།
མི་སེར་གསར་འགོད་པ།

བོད་མདོ་སྨད་རྔ་པ་ཀིརྟི་དགོན་གྱི་ཚོགས་ཆེན་དབུ་མཛད་ཟུར་པ་རང་ལོ་ ༤༣ ལ་སོན་པ་དགེ་འདུན་པ་བློ་བཟང་བཀྲིས་ལགས་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡༠ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་དང་།   ཟླ་བ་ཁ་ཤས་ཀྱི་རྗེས་སུ་གསང་བ་དམ་པོའི་འོག་ནས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་བོད་ཕྱི་ནང་གཉིས་ནས་རང་གི་བདེ་འཇགས་དང་བོད་ནང་འབྲེལ་ཡོད་ཚོར་དཀའ་ངལ་འཕྲད་ཉེན་གྱི་དྭོགས་ཟོན་འོག་མིང་བརྗོད་འདོད་མེད་པའི་བོད་མི་གསུམ་གྱིས་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡ ཚེས་ ༡༩ ཉིན་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འགྲེལ་བརྗོད་དང་ར་སྤྲོད་གནང་བྱུང་།  འོན་ཀྱང་ཁྲིམས་ཐག་གཅོད་མཁན་གྱི་ཁྲིམས་ཁང་གི་མིང་དང་།  ཚེས་གྲངས་ངེས་གཏན་ཞིག་ཤེས་རྟོགས་ཡོང་གི་མི་འདུག་ཅེས་གསུངས་བྱུང་།

གནས་ཚུལ་ངོ་སྤྲོད་པས་མུ་མཐུད་བརྗོད་ན།  དགེ་འདུན་པ་བློ་བཟང་བཀྲིས་ལགས་ད་ཆ་ཟི་ཁྲོན་ཞིང་ཆེན་ཁོངས་ཀྱི་མེན་ཡང་བཙོན་ཁང་དུ་བཙོན་འཇུག་གི་ཁྲིམས་ཆད་འཁུར་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཀིརྟི་དགོན་པའི་དབུ་མཛད་ཟུར་པ་བློ་བཟང་བཀྲིས་ལགས་འཛིན་བཟུང་བཙོན་འཇུག་བྱེད་དགོས་དོན་ནི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་པའི་སྐབས་སུ་རྔ་པ་ཀིརྟི་དགོན་གྱི་རྒྱུན་ལྡན་གྱི་གྲྭ་ཚོགས་འཚོགས་མི་ཆོག་ཅེས་རྒྱ་ནག་གཞུང་གིས་བཀག་རྒྱ་བསྡམས་པར་མ་བརྩིས་པར་རྒྱུན་ལྡན་གྱི་གྲྭ་ཚོགས་མུ་མཐུད་འཚོགས་པར་བརྟེན། རྔ་པ་ཁུལ་གྱི་ཉེན་རྟོག་ལས་ཁུངས་ཟེར་བའི་བཀའ་ལ་མ་བརྩིས་པ་དང་མཉམ་འབྲེལ་མ་བྱས་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་རྣམ་གཉིས་ལ་བསྔོ་རྟེན་ཕུལ་བ་སོགས་དོན་ཚན་ཁ་ཤས་ཉེས་འཛུགས་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

དགེ་འདུན་པ་བློ་བཟང་བཀྲ་ཤིས་ལགས་ནི། རྔ་པ་རྫོང་ཁོངས་ཕྱུགས་ལས་གོང་མའི་རུ་ཆུང་དྲུག་པ་ནས་ཡིན་པ་དང་། ཆུང་དུས་ནས་རྔ་པ་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ཏེ་ཕྱིས་སུ་ཚོགས་ཆེན་དབུ་མཛད་ཀྱི་མཛད་འགན་མཐར་ཕྱིན་པར་བཞེས་ཤིང་། དེའི་རྗེས་རྔ་པ་ཀིརྟི་དགོན་དང་། ཀིརྟིའི་མ་དགོན་བཀྲ་ཤིས་ལྷུན་གྲུབ་གླིང་། གདོང་རི་ཀིརྟིའི་དགོན་གསུམ་གྱི་དབྱངས་དཔོན་དང་། རྔ་པ་ཀིརྟི་དགོན་པའི་ཆོས་ལུགས་འཛིན་སྐྱོང་ཁང་གི་ལས་བྱེད་བཅས་ཀྱི་འགན་ཁུར་བཞེས་མུས་སྐབས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པ་ཞིག་ཡིན་འདུག

གསར་འགོད་པ།  སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ།   བཀྲིས་དབང་ཕྱུག

དྲ་ཐོག་རྩོམ་སྒྲིག་པ།  དཔལྡན་རྒྱལ།
དྲ་ཐོག་སྤེལ་མཁན།  ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎