བློ་བཟང་སངས་རྒྱས་ལ་རྒྱ་ནག་གིས་མི་ལོ་ལྔའི་དུས་བཀག་ཁྲིམས་ཐག་བཅད་འདུག


2018.03.30
བློ་བཟང་སངས་རྒྱས་ལགས། ༼ཟླ་ཚེས་མི་གསལ བློ་བཟང་སངས་རྒྱས་ལགས། ༼ཟླ་ཚེས་མི་གསལ
བོད་འབྱོར།

རྒྱ་ནག་གཞུང་གིས་ལོ་སྔོན་མར་འཛིན་བཟུང་བཙན་ཁྲིད་བྱས་པའི་དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་ལ་ཟླ་འདིའི་ཚེས་༢༨ ཉིན་ལོ་ ༥ ཡི་ཁྲིམས་ཐག་བཅད་འདུག  
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། དེ་སྔ་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་༢༠ ཡས་མས་སུ། རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་པའི་མདོ་སྨད་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་སུ། རང་ལུས་མེར་བསྲེགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་དང་། ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ཉེས་མིང་འོག སྤྱི་ལོ་༢༠༡༨ལོའི་ཟླ་༣་ཚེས་ ༢༨ ཉིན་འབར་ཁམས་མི་མང་ཁྲིམས་ཁང་གིས་མི་ལོ་ ༥ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག
བློ་བཟང་སངས་རྒྱས་ལགས་ཀྱི་མཚན་གཞན་ཡོངས་གྲགས་སུ་སངས་རྒྱས་ལགས་ཞུ་གི་ཡོད་འདུག་ཅིང་། ཁོང་དེ་སྔ་ཕྱི་ལོ་༢༠༡༢་ལོའི་སྤྱི་ཟླ་བརྒྱད་པའི་ནང་རྒྱ་གཞུང་གིས་གསང་བའི་ངང་འཛིན་བཟུང་གིས་དུས་ཡུན་རིང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། རྗེས་སུ་རྒྱ་གཞུང་གི་བཙོན་འོག་ནས་གློད་གྲོལ་ཐོབ་ཡོད་ཀྱང་།  ཡང་བསྐྱར་༢༠༡༧་ལོའི་སྤྱི་ཟླ་བརྒྱད་པའི་ནང་རྒྱ་ནག་གཞུང་གིས་གསང་སྟབས་ཀྱིས་འཛིན་བཟུང་བྱས་ཡོད་པ་མ་ཟད་སླར་ཡང་ཟླ་ངོ་བདུན་ཙམ་གྱི་རིང་གར་ཡོད་ཤེས་རྟོག་མེད་པ་གྱུར་ཡོད་པ་བོད་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།
འབྲེལ་ཡོད་བོད་ནང་གི་བོད་མི་དེས་མུ་འཐུད་བརྗོད་པར་གཞིགས་ན།  སྤྱིར་བཏང་དེང་སྐབས་སྲིད་གཞུང་གིས་དྲ་ལམ་རྟོག་ཞིབ་དང་འབྲེལ་ས་གནས་སོ་སོའི་ཉེན་རྟོག་ཁང་སོགས་ནས་བརྡ་འཕྲིན་བཏང་སྟེ་བོད་ཕྱི་ལོགས་སུ་ཡོད་པའི་མི་ལ་འབྲེལ་བ་བྱ་མི་ཆོག་པའི་ཉེན་བརྡ་གཏོང་བཞིན་པར་བརྟེན་གནས་ཚུལ་མང་པོ་ཞིག་དངོས་སུ་མཐོང་ཐོས་ཡོད་ཀྱང་བཤད་མ་ཐུབ་པའི་དཀའ་ངལ་གང་མང་ཞིག་འཕྲད་བཞིན་ཡོད་འདུག་ཅིང་།  བློ་བཟང་སངས་རྒྱས་ལགས་སུ་ལོ་ངོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་བཅད་དེ་གསང་བའི་ཐོག་ནས་བྱས་པ་ཞིག་ཡིན་འདུག
བློ་བཟང་སངས་རྒྱས་ལགས་སམ་སངས་རྒྱས་ལགས་ཀྱི་སྐྱེས་ཡུལ་མགོ་ལོག་གཅིག་སྒྲིལ་རྫོང་ནས་ཡིན་ཞིང་། ཁོང་དགུང་ལོ་ལོ་ ༣༦ ཙམ་ཡིན་པ་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ་ཀུན་བཟང་བསྟན་འཛིན་དང་། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎