སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་གློད་བཀྲོལ་གཏོང་དགོས།
2018.03.06
ཨ་རིའི་སྐད་ཡིག་རིག་པའི་ཞིབ་འཇུག་དང་སློབ་གཉེར་ཚོགས་པ་(Linguistic Society of America)ཞེས་པས་རྒྱ་ནག་གཞུང་གིས་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་གློད་བཀྲོལ་གཏོང་དགོས་ཟེར།
དེ་ཡང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་བྱས་པའི་བོད་རང་དབང་ལས་འགུལ་ཚོགས་པས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང༌། འདི་ལོའི་ཕྱི་ཟླ་ ༡ པོའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོང་ཐང་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ཐོག་ཁྲིམས་བཤེར་བྱས་པའི་རྗེས། བོད་རང་དབང་ལས་འགུལ་ཚོགས་པས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནད་དོན་སྐོར་ཨ་རིའི་སྐད་ཡིག་རིག་པའི་ཚོགས་པ་དེར་འབྲེལ་གཏུགས་ཞུས་པར། ཚོགས་པ་དེ་ཡིས་བཀྲ་ཤིས་དབང་ཕྱུག་ལགས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། འབོད་སྐུལ་དེའི་ནང་། བཀྲ་ཤིས་དབང་ཕྱུག་གིས་རང་གི་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་པ་ཙམ་ལ་རྒྱ་ནག་གཞུང་གིས་ཁོང་ཉེས་ཅན་པ་ཞིག་ཏུ་བརྩིས་པ་དེར་ང་ཚོས་ངོ་རྒོལ་ཡོད། གཞུང་གི་སྲིད་བྱུས་ཐོག་བསམ་ཚུལ་བརྗེ་རེས་དང༌སྐྱོན་བརྗོད་བྱེད་ཆོག་པའི་རང་དབང་ནི་སྲུང་སྐྱོབ་བྱེད་དགོས་པ་ལས། དེ་དག་ནག་ཉེས་ལ་བརྩིས་པ་ནི་མ་འོས་པ་ཞིག་རེད་ཅེས་གསུང་ཡོད་པ་བོད་རང་དབང་ལས་འགུལ་ཚོགས་པས་སྤེལ་བའི་སྤྱི་བསྒྲགས་དེའི་ནང་བཀོད་འདུག
ཨ་རིའི་སྐད་ཡིག་རིག་པའི་ཞིབ་འཇུག་ཚོགས་པ་ཟེར་བ་དེ་ཡིས། ཚན་རིག་གི་ཐོག་ནས་སྐད་ཡིག་སྤྱི་དང་། དེ་བཞིན་སྐད་ཡིག་གིས་སྤྱི་ཚོགས་ཀྱི་དགོས་མཁོ་ཇི་འདྲ་སྒྲུབ་ཀྱི་ཡོད་པའི་སྐོར་སློབ་གཉེར་དང་ཞིབ་འཇུག་གནང་གི་ཡོད་པ་མ་ཟད། སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པའི་འགྲེལ་བརྗོད་བྱས་འདུག
གསར་འགོད་པ་ངག་ཆོས།