ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་བལ་ཡུལ་ནང་སེར་སྐྱ་མི་མང་ཁྲི་ཚོ་བརྒལ་བར་ཆོས་འབྲེལ་བཀྲིན་བསྐྱངས་པ།

2024.03.01
ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་བལ་ཡུལ་ནང་སེར་སྐྱ་མི་མང་ཁྲི་ཚོ་བརྒལ་བར་ཆོས་འབྲེལ་བཀྲིན་བསྐྱངས་པ། ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་བལ་ཡུལ་དུ་ཞབས་སོར་འཁོད་སྐབས།
བསྟན་འཛིན་མཁྱེན་བརྩེ།

བལ་བོ་རྒྱལ་ཁབ་ནང་གི་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཚོགས་པས་ཆེད་དུ་གདན་ཞུས་གསོལ་འདེབས་ཞུས་དོན་ལྟར། ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་ཉེ་ལམ་སྤྱི་ཟླ་ ༢ པའི་ཚེས་ ༢༡ ཉིན་ནས་བཟུང་། བལ་ཡུལ་རྒྱལ་སའི་ཉེ་མཁྲིས་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དུ་ཚོགས་བཞིན་པ། བལ་ཡུལ་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སྐབས་ ༣༢ པའི་ཚོགས་མགོན་དུ་ཆིབས་སྒྱུར་གནང་བ་མ་ཟད། ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཉི་མ་ལྔ་རིང་གི་ཚོགས་མགོན་དུ་བཞུགས་པ་དང་འབྲེལ། སྨོན་ལམ་གྱི་བཅོ་ལྔ་མཆོད་པའི་ཉིན་སེར་སྐྱ་མི་མང་ཁྲི་ལྷག་གིས་མཇལ་ཁ་ཞུས་ཡོད་པ། བོད་ཟླ་དང་པོའི་ཚེས་ ༡༧ ཉིན་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་ཞབས་སོར་འཁོད་དེ། ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་ཡང་སྲིད་རིན་པོ་ཆེ་མཆོག་དང་མཇལ་འཛོམས་གནང་བ། ཡང་བོད་ཚེས་ ༡༨ དང་ ༡༩ ལ་སྐྱིད་གྲོང་བསམ་གཏན་གླིང་དགོན་དུ། དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་སྩལ་བ་དང་། བོད་ཟླ་དང་པོའི་ཚེས་ ༢༠ ཉིན་སེར་སྐྱ་མི་མང་ལྔ་སྟོང་བརྒལ་བར་རྒྱལ་བ་ཚེ་དཔག་མེད་པའི་ཚེ་དབང་བཀའ་དྲིན་ཆེ་བ་སོགས། བལ་ཡུལ་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཚོགས་པའི་ཚོགས་གཙོ་ཨཅཱརྱ་བསྟན་འཛིན་ལགས་ནས་ངོ་སྤྲོད་གནང་གི་འདུག

ཡང་ཁོང་ནས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་བོད་ཟླ་དང་པོའི་ཚེས་ ༢༡ ཉིན་མོར། ཞོགས་པ་བལ་ཡུལ་ཡང་ལེ་ཞོད་དུ་གནས་གཟིགས་དང་འབྲེལ། གནས་ཆེན་དེའི་ཉེ་འདབས་སུ་ཆགས་པ་བཀྲ་ཤིས་རབ་རྒྱས་གླིང་དུ་རབ་གནས་གནང་གི་ཡོད་པ་དང་མཚུངས། བོད་ཚེས་ ༢༢ ཉིན་འགྲོ་ཕན་གླིང་དགོན་པ་དང་བློ་གསལ་གླིང་གི་བཟོ་གྲྭ་ལ་ཆིབས་བསྒྱུར་གནང་འཆར་མ་ཟད། ཤེལ་དཀར་ཆོས་སྡེའི་ནང་དུའང་མཛད་རིམ་བསྒྲིགས་ཡོད་པ་སོགས་ངོ་སྤྲོད་གནང་གི་འདུག

བལ་བོ་རྒྱལ་ཁབ་ཀྱི་ནང་རྒྱ་ནག་གཞུང་གིས་གནོན་ཤུགས་སྣ་ཚོགས་སྤྲོད་བཞིན་པར་བརྟེན། སྤྱིར་བཏང་བོད་མི་བཙན་བྱོལ་བའི་ཐོག་དམ་དྲག་ཤུགས་ཆེ་དང་ལྷག་པར་དུ། བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་བླ་ཆེན་རྣམ་པ་བཅས་བལ་ཡུལ་དུ་ཕེབས་རྒྱུར་བཀག་འགོག་ཤུགས་ཆེ་ཡོད་ནའང་། བལ་བོ་རྒྱལ་ཁབ་ཀྱི་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་བོད་དང་ཆོས་རིག་གོམས་གཤིས་གཅིག་གྱུར་གྱི་མི་སྡེ་ཧ་ཅང་མང་པོ་ཡོད་པ་རྣམས་ནི། བལ་ཡུལ་གྱི་མི་སེར་བསྙོན་མེད་དང་བོད་བརྒྱུད་ནང་བསྟན་ལ་དད་མོས་ཤུགས་ཆེ་གནང་གི་ཡོད་པས། བལ་ཡུལ་གྱི་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཚོགས་པ་ནས་བལ་གཞུང་ལ་སྙན་ཞུ་རིམ་པར་ཕུལ་བའི་འབྲས་བུར། ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་ད་ལན་བལ་བོའི་ནང་གདན་ཞུས་གནང་ཐུབ་ཡོད་པ་རེད།

གསར་འགོད་པ། བློ་བྷེ། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎