ཨའོསི་ཊརེ་ལི་ཡའི་སྲིད་བློན་གྱིས་རྒྱ་ནག་གི་སྲིད་བློན་དང་ལྷན་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་གནད་དོན་ཁག་ཅིག་སྐོར་གླེང་སློང་གནང་རྒྱུ་ཡིན་པ་གསུངས་བྱུང་།
འདི་ཚེས་ ༡༥ ནས་ ༡༨ བར་རྒྱ་ནག་གི་སྲིད་བློན་ལི་ཆང་ཨའོསི་ཊརེ་ལི་ཡར་རྒྱལ་དོན་འཚམས་གཟིགས་སུ་བསྐྱོད་ཀྱི་ཡོད་པ་ནི་ཕྱི་ལོ་ ༢༠༡༧ རྗེས་རྒྱ་ནག་གི་སྲིད་བློན་ཞིག་ཨའོསི་ཊརེ་ལི་ཡའི་ནང་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་ཅིང་། འདི་ཚེས་ ༡༡ ཉིན་ཨའོསི་ཊརེ་ལི་ཡའི་སྲིད་བློན་ (Anthony Albanese) ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྐབས། ཐེངས་འདིའི་རྒྱ་ནག་སྲིད་བློན་གྱི་ཨའོསི་ཊརེ་ལི་ཡའི་ནང་གི་འཚམས་གཟིགས་བརྒྱུད། ཕྱོགས་གཉིས་དབར་གྱི་འབྲེལ་ལམ་སྲ་བརྟན་དུ་གཏང་རྒྱུ་ཡིན་ཞིང་། ཨའོསི་ཊརེ་ལི་ཡའི་ངོས་ནས་རྒྱ་ནག་དང་ཚོང་གི་འབྲེལ་ལམ་དམ་འཛིན་བྱེད་འདོད་ཡོད་པ་བཞིན། རྒྱ་ནག་ངོས་ནས་ཀྱང་ཨའོསི་ཊརེ་ལི་ཡའི་སྤུས་ཁ་ལེགས་པའི་དངོས་ཟོག་ནང་འདྲེན་བྱ་རྒྱུའི་འདོད་པ་ཡོད་པ་སོགས། ཕྱོགས་གཉིས་ཀའི་དབར་ཚོང་གི་འབྲེལ་ལམ་དམ་འཛིན་ཐད་འདོད་པ་ཡོད་པ་འགྲེལ་བརྗོད་གནང་བ་དང་སྦྲགས། ཨའོསི་ཊརེ་ལི་ཡའི་ངོས་ནས་ཐེ་ལྦན་མཚོ་གླིང་གི་བདེ་འཇགས་ཐད་རྒྱབ་སྐྱོར་ཡོད་པ་བཞིན་རྒྱལ་ཁབ་ཀྱི་ལངས་ཕྱོགས་གཙོ་འཛིན་བྱ་རྒྱུ་ཡིན་པ་གསུངས་འདུག
ཡང་ཟླ་འདིའི་ཚེས་ ༡༤ ཉིན་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨའོསི་ཊརེ་ལི་ཡའི་སྲིད་བློན་ལས་ཁུངས་ཀྱི་མགྲིན་ཚབ་པར། རྒྱ་ནག་སྲིད་བློན་ཨའོསི་ཊརེ་ལི་ཡའི་ནང་འཚམས་གཟིགས་སྐབས་ཨོ་གླིང་ངོས་ནས་བོད་དོན་གླེང་སློང་གནང་རྒྱུ་ཡིན་མིན་སྐོར་ཡིག་ཐོག་བརྒྱུད་བཀའ་འདྲི་ཞུས་པའི་ལན་འདེབས་སུ། ཐེངས་འདིའི་རྒྱ་ནག་སྲིད་བློན་གྱི་འཚམས་གཟིགས་དེ་བཞིན་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐད་གནད་འགག་ཅིག་ཆགས་ཀྱི་ཡོད་པ་དང་། དེ་ནི་ཕྱི་ལོ་ ༢༠༡༧ རྗེས་ཀྱི་ཐོག་མ་དེ་ཆགས་ཀྱི་ཡོད་པ་བཞིན། འཚམས་གཟིགས་དེའི་ཁྲོད་ཨའོསི་ཊརེ་ལི་ཡའི་གཞུང་ངོས་ནས་ཚད་མཐོའི་གྲོས་མོལ་བརྒྱུད་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་སྲ་བརྟན་དུ་གཏང་རྒྱུ་དང་། ཕྱོགས་གཉིས་ཀའི་ཁེ་ཕན་དང་མི་མཐུན་པའི་གནད་དོན་ཐད་ཡར་རྒྱས་གཏོང་དགོས་ན་གྲོས་མོལ་བྱ་རྒྱུ་ནི་གལ་ཆེ་ཤོས་ཡིན་པ་གསལ་སྟོན་བྱ་རྒྱུ་ཡིན་པ་གསུངས་སོང་། མ་ཟད་འཚམས་གཟིགས་དེའི་ཁྲོད་ཨའོསི་ཊརེ་ལི་ཡའི་ངོས་ནས་རྒྱལ་ཁབ་ཀྱི་ལངས་ཕྱོགས་དང་རིན་ཐང་གཙོར་བཟུང་གིས། རྒྱ་ནག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་གནད་དོན་ཁག་གཅིག་གི་སྐོར་གླེང་སློང་གནང་རྒྱུ་ཡིན་པ་གསུངས་སོང་།
རྩ་བའི་ཟླ་བ་འདིའི་ཚེས་ ༡༣ ཉིན་རྒྱ་ནག་གི་སྲིད་བློན་ལི་ཆང་ནིའུ་ཛི་ལེན་ཌིའི་རྒྱལ་ས་ (Wellington) ནང་འབྱོར་སྐབས་ཁུལ་དེར་གནས་སྡོད་བོད་ཀྱི་གྲོགས་པོའམ་ (friends of Tibet) ཞེས་པའི་ཚོགས་པའི་ངོས་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། འདི་ཚེས་ ༡༤ ཉིན་སྲིད་བློན་ལི་ཆང་ཨོག་ལེན་ཌའི་ནང་འབྱོར་སྐབས་ཨོག་ལེན་ཌ་བོད་རིགས་མཐུན་ཚོགས་ཀྱི་སྣེ་ཁྲིད་འོག་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།
གཞན་ཡང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་ཨའོསི་ཊརེ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འདི་ཚེས་ ༡༥ ཉིན་རྒྱ་ནག་སྲིད་བློན་ཨའོསི་ཊརེ་ལི་ཡར་འབྱོར་གྱི་ཡོད་པ་དང་བསྟུན། ས་གནས་བོད་རིགས་མཐུན་ཚོགས་ཁག་དང་ཨོ་གླིང་བོད་དོན་ལྷན་ཁང་བཅས་མཉམ་འབྲེལ་གྱིས། མི་མང་སྟོང་ཕྲག་གཅིག་མཉམ་འཛོམས་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག་པ་དང་། དུས་ཚིགས་དེ་བཞིན་གལ་ཆེར་ངོས་འཛིན་གྱིས་མང་ཚོགས་གང་མང་མཉམ་ཞུགས་དགོས་པའི་སྐུལ་མ་གནང་ཡོད་པ་རེད་འདུག
གཞི་རྩའི་རྒྱ་ནག་སྲིད་བློན་ནས་ཨའོསི་ཊརེ་ལི་ཡར་འཚམས་གཟིགས་སྐབས། ཨེ་ཌེ་ལེ་ཌི་(Adelaide)དང་། དེ་ནས་རིམ་བཞིན་ཁེན་བེ་ར་(Canberra)དང་པར་ཐ་(Perth)བཅས་ས་གནས་གསུམ་དུ་ཆེད་བསྐྱོད་ཀྱིས། ཨའོསི་ཊརེ་ལི་ཡའི་གཞུང་འབྲེལ་མི་སྣ་ཐུག་འཕྲད་དང་། ཚོང་འབྲེལ་དང་འབྲེལ་བའི་ཚོགས་འདུ་སོགས་ཀྱི་འཆར་གཞི་ཡོད་པ་རེད་འདུག
དེ་སྔོན་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ (Wang Yi) ཨའོསི་ཊརེ་ལི་ཡའི་ནང་འབྱོར་སྐབས་ཁུལ་དེར་གནས་སྡོད་བོད་མི་གཙོས། མང་གཙོ་དོན་གཉེར་བ་དང་། ཡུ་གུར། ཐའེ་ཝན། ཧོང་ཀོང་སོགས་ཀྱི་རང་དབང་འཐབ་རྩོད་པ་ཚོས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།