དམར་ཤོག་ཚོགས་པའི་ཚོགས་ཆེན་གྲོལ་བ་དང་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཞི་ལྷོད་གཏོང་རྒྱུའི་བརྡ་ཐོ་ཞིག་བཏང་ཡོད་འདུག

2022.10.25
དམར་ཤོག་ཚོགས་པའི་ཚོགས་ཆེན་གྲོལ་བ་དང་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཞི་ལྷོད་གཏོང་རྒྱུའི་བརྡ་ཐོ་ཞིག་བཏང་ཡོད་འདུག རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚོགས་པར་ཞེས་པའི་གནས་ཚུལ་སྤེལ་བའི་ནང་། ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཡོངས་སུ་རིམས་ནད་འགོས་ཁྱབ་མེད་པར་ཉིན་ཤས་སོང་ཡོད་པ།
Reuters/ file photo

འདས་པའི་ཟླ་བ་གཉིས་དང་ཕྱེད་ཀ་རིང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཏོག་དབྱིབས་རིམས་ནད་དང་འབྲེལ། ཁྱིམ་སྡོད་བཀག་བརྒྱ་བསྡམས་ཏེ་དངོས་ཤུགས་བརྒྱུད་གསུམ་ནས་དམ་དྲགས་ཤུགས་ཆེར་བྱས་ཡོད་པ་བཞིན། ཕྱི་ཚེས་༢༣་ཉིན་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གྲོལ་རྗེས་ཀྱི་ཕྱིར་ཉིན་ནས་ཅུང་ཙམ་ཞི་ལྷོད་བཏང་ཡོད་ན་ཡང་། རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚོགས་པར་ཞེས་པའི་གནས་ཚུལ་སྤེལ་བའི་ནང་། ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཡོངས་སུ་རིམས་ནད་འགོས་ཁྱབ་མེད་པར་ཉིན་ཤས་སོང་ཡོད་པས། ལྷ་ས་ཡོངས་སུ་བཀག་བསྡོམས་མཚམས་འཇོག་བྱ་རྒྱུའི་གནས་ཚུལ་སྤེལ་ཡོད་ཀྱང་། ད་ལྟའི་ཆར་ཚང་མས་ཞི་ལྷོད་བཏང་གི་ཡོད་སྐོར་བརྗོད་པ་ཙམ་ལས། སྒོ་ཁ་རེ་རེ་བྱས་ཏེ་སྲུང་ནས་ཡོད་པ་མ་ཟད་དྲ་ལམ་ཁག་ལ་དམ་དྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ། འབྲེལ་ཡོད་བོད་ནང་གི་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་འབྲེལ་གསར་ལམ་དེའི་ནང་། བོད་རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བརྡ་ཐོ་བཏང་བའི་ནང་། ལྷ་ས་ཡོངས་སུ་ཟ་ཁང་ཚོང་ཁང་ཚང་མ་སྒོ་ཕྱེ་རྒྱུ་ཡིན་པ་མ་ཟད། སློབ་གྲྭ་ཁང་དང་ཆོས་ལུགས་བྱེད་སྒོ་བྱེད་ཡུལ།གཞན་ཡང་དཔེ་མཛོད་ཁང་དང་བཟོ་གྲྭ་ཁང་། གནམ་གྲུ་གཙོས་འགྲུལ་སྐྱེལ་རླངས་འཁོར་དང་སྒེར་འཁོར། གཞུང་ལམ་ཁག་གི་བཀག་རྒྱ་ཚང་མ་གློད་རྒྱུ་ཡིན་པ་བཀོད་འདུག་ལ། བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་ནས་ད་ལྟའི་ཆར་མུ་མཐུད་གཅིག་གྱུར་གྱིས་བཀག་བསྡོམས་འོག་ཡོད་པའི་ཁང་བརྩེགས་ཁག་གི་ནང་། ཕྱི་ལ་འགྲོ་བཅུག་གི་མེད་པར་ཁང་བརྩེགས་ཡོངས་སུ་སྒོ་ལྕགས་བརྒྱབ་ཡོད་པ། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ། ང་ཚོར་མཚོན་ན་འདས་པའི་ཉིན་གྲངས་༦༠ལྷག་གི་རིང་ཁང་པ་གཅིག་གི་ནང་དུ་བཀག་ནས་བསྡད་པ་དང་། ཁ་སང་ཕྱི་དྲོ་ནས་མི་རེ་ཟུང་ཕྱི་ལ་བཏང་སྟེ་བར་སྐོར་བར་སོགས་སུ་ཅུང་ཙམ་ཞི་ལྷོད་ཡོད་པའི་བཟོ་ལྟ་ཡོད་ན་ཡང་། མི་མང་ཆེ་བ་སྔར་བཞིན་བཀག་བསྡོམས་འོག་ཡོད་པ་མ་ཟད། ལྷ་སའི་ས་ཁུལ་ཁ་ཤས་ནང་མུ་མཐུད་ཉིན་གྲངས་ཁ་ཤས་ལ་རང་ཁྱིམ་དུ་སྡོད་དགོས་པས། ཕྱི་ཟླ་༡༠་ཚེས་༢༦ཉིན་ཁྱིམ་ཚང་གཅིག་གི་ནང་མི་རེ་ཕྱི་ལ་ཟ་མ་ཉོ་རུ་སོང་ན་ཆོག་སྐོར་བརྗོད་བཞིན་ཡོད་པ་དང་། གཞུང་ཕྱོགས་ནས་མི་མང་གི་དཀའ་ངལ་ལ་བདག་པོ་གང་ཡང་བྱེད་ཀྱི་མེད་པ་མ་ཟད། དཀའ་ངལ་ཡོད་པའི་ཚིག་གཅིག་བཤད་བཅུག་གི་མེད་པས། མཚན་མོ་ཁང་བརྩེགས་ཁག་གི་ནང་དཀའ་ངལ་རྐྱེན་གྱིས་ངུ་ངག་འདོན་མཁན་མང་དག་ཅིག་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་། 

ཐེངས་འདིར་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ནང་རྒྱ་ནག་གི་ཆེད་མཁས་སྨན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ཆེད་མཁས་པ་ཚོས། ལྷ་སའི་ཏོག་དབྱིབས་རིམས་ནད་ཀླད་གོར་སྲིད་བྱུས་ཀྱི་འབད་བརྩོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པའི་བསྟོད་བསྔགས་བྱས་ཡོད་པ་སོགས་བཀོད་འདུག་པ་དང་། རྒྱ་ནག་གཞུང་འབྲེལ་གྲངས་ཐོ་ལྟར་ན་ཕྱི་ཟླ་༡༠་ཚེས་༢༤བར་བོད་རང་སྐྱོང་ལྗོངས་ཡོངས་སུ་ནད་རྟགས་ཅན་༡་དང་ཁྱོན་ཡོངས་ནས་ནད་པ་གྲངས་ ༡༨༦༠༩ཟིན་ཡོད་པ་བཀོད་འདུག 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎