ལྷ་ས་ནས་ཐོན་མཁན་ཧ་ཅང་མང་པོ་བྱུང་སྟེ་རྒྱ་ནག་ཕྱོགས་ལ་སྐྱོད་སའི་གཞུང་ལམ་ཡང་འགག་ཡོད།

2022.10.28
ལྷ་ས་ནས་ཐོན་མཁན་ཧ་ཅང་མང་པོ་བྱུང་སྟེ་རྒྱ་ནག་ཕྱོགས་ལ་སྐྱོད་སའི་གཞུང་ལམ་ཡང་འགག་ཡོད།
མཐུན་འགྱུར་པར་རིས།

བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་ས་ཁུལ་མང་པོའི་ནང་ཏོག་དབྱིབས་ནད་ཡམས་ཀྱི་མིང་ཐོག་ནས་བཀག་སྡོམ་བྱས་ཏེ་དུས་ཡུན་ཟླ་བ་གསུམ་ལ་ཉེ་བའི་སྐབས་དེར་དམིགས་བསལ་རྒྱལ་ས་ལྷ་སར་ཚེས་༢༦ཉིན་ངོ་རྒོལ་གྱི་ལས་འགུལ་ཐོན་པའི་རྗེས་ཚེས་༢༧དང་༢༨ནས་རིམ་པས་ལྷ་སའི་ནང་ལུས་པའི་རྒྱ་མི་ཚོ་རྒྱ་ནག་ལ་ལོག་ཆོག་པའི་ཆོག་མཆན་སྤྲོད་ཀྱི་ཡོད་ན་ཡང་ལྷ་སའི་ཕྱི་ནས་ཡོང་མཁན་བོད་མི་ཚོ་རང་ཁྱིམ་དུ་ལོག་ཆོག་མིན་གནས་ཚུལ་ཁ་གསལ་མི་འདུག

དེ་ཡང་འདི་ག་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།   ཚེས་༢༦ཉིན་རྒྱལ་ས་ལྷ་སའི་ལྕགས་རོང་ཁུལ་དང་ལྷ་ཀླུ་ཁུལ།  གཏེར་ལས་ཚོང་གཉེར་ཁུལ།  བརྒྱད་གཅིག་ཁུལ་སོགས་ལ་གནས་སྡོད་བྱེད་མཁན་ཚོ་དུས་ཡུན་ཟླ་བ་གསུམ་ལ་ཉེ་བ་ཁང་པའི་ནང་བཀག་སྡོམ་བྱས་ཏེ་ཡོང་བབ་གང་ཡང་མེད་པར་ཉིན་རེའི་འཚོ་བར་ཡང་དཀའ་ངལ་ཆེན་པོ་འཕྲད་དེ་བཟང་བཙོན་ལྟ་བུའི་གནས་སྟངས་འོག་ལུས་པར་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་ལ།   ད་རེས་ཀྱི་ལས་འགུལ་འདིའི་ནང་ལྷ་སར་ཚོང་ཙག་ཙིག་དང་ཁ་ཟང་།  ཤུགས་ལས་བྱེད་མཁན་སོགས་རྒྱ་མི་མང་པོ་ཡོད་པ་ཚོས་ཀྱང་ཡོང་བབ་གང་ཡང་མེད་པར་ལུས་པར་བརྟེན་རྒྱ་ནག་ལ་ཕྱི་ལོག་ཆོག་པའི་ཆོག་མཆན་སྤྲོད་དགོས་པ་བརྗོད་ཡོད།   དེར་བརྟེན་ཚེས་༢༧ཉིན་ནས་བཟུང་བོད་ནས་ཕྱིར་ཐོན་ཆོག་པའི་ཆོག་མཆན་སྤྲོད་རྒྱུ་ལྷུག་རུ་བཏང་ཡོད་འདུག་ལ།  ཉིན་གཉིས་རིང་ལྷ་ས་ནས་ཐོན་མཁན་ཧ་ཅང་མང་པོ་བྱུང་སྟེ་རྒྱ་ནག་ཕྱོགས་ལ་སྐྱོད་སའི་གཞུང་ལམ་ཡང་འགག་ཡོད་པའི་གནས་ཚུལ་ཐོན་འདུག  འོན་ཀྱང་ལྷ་སར་ལས་ཀ་འཚོལ་བར་ཡོང་མཁན་བོད་མི་ཚོ་རང་ཁྱིམ་དུ་ལོག་བཅུག་ཡོད་མེད་གནས་ཚུལ་ཁ་གསལ་མི་འདུག  རྒྱལ་ས་ལྷ་ས་མཚོན་ན།  བོད་ཀྱི་ས་ཁུལ་ཁག་ནས་གྲོང་ཁྱེར་ནང་ལས་ཀར་ཡོང་མཁན་ཧ་ཅང་མང་པོ་ཡོད་ཅིང་།  ཏོག་དབྱིབས་འགོས་ནད་ཁྱབ་གདལ་ཕྱིན་པའི་དུས་ཡུན་འདིའི་རིང་ཡོང་བབ་སོགས་གང་ཡང་མེད་པའི་ཐོག་རང་ཡུལ་གྲོང་གསེབ་ཏུ་ཕྱིར་ལོག་བྱེད་མི་བཅུག་པར་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད་འདུག། 

དེ་མིན་ཡང་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་ཏོག་དབྱིབས་རིམས་ནད་སྔོན་འགོག་སྟངས་འཛིན་ཚན་པ་ནས་ཚེས་༢༧ཉིན་བརྡ་ཁྱབ་ཅིག་བཏང་ཡོད་པའི་ནང་བོད་ནས་ཐོན་ཆོག་པའི་ཆོག་མཆན་ཞུ་བའི་སྙན་ཞུ་ཉིན་བདུན་གྱི་སྔོན་ནས་བསྐྱལ་དགོས་པ་དང་།   ཆུ་ཚོད་༧༢ནང་འགོས་ནད་ཕོག་ཡོད་མེད་བརྟག་དཔྱད་ཐེངས་གསུམ་བྱས་ཏེ་ཏོག་དབྱིབས་འགོས་ནད་ཕོག་མེད་པའི་དཔང་བརྟག་དགོས་པ་སོགས་བརྗོད་འདུག   བོད་ནང་མཚོན་ན།  བོད་ནང་སྨན་བཅོས་ཆ་རྐྱེན་ཡག་པོ་མེད་པས།  རྒྱ་ནག་ལ་སྨན་བཅོས་དུ་སྐྱོད་མཁན་དང་།  བོད་ནས་རྒྱ་ནག་ལ་སློབ་སྦྱོང་ལ་སྐྱོད་མཁན་སོགས་མང་པོ་བོད་ནས་ཐོན་མི་ཐུབ་པའི་དཀའ་ངལ་ནང་གནས་ཡོད་འདུག།

གསར་འགོད་པ། སྐལྡན་བློ་གྲོས།

རྩོམ་སྒྲིག་པ། སྐལྡན་བློ་གྲོས།

དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎