རྒྱ་ནག་གཞུང་གིས་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་དང་མཐུན་པའི་ལས་དོན་གང་ཡང་བྱས་མེད་པའི་ཐོག་བོད་ནང་འོས་མེད་ཀྱི་དྲིལ་བསྒྲགས་བྱེད་བཞིན་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུངས་བྱུང་།
ཕྱི་ལོ་ ༢༠༢༤ ལོ་མཇུག་ཏུ་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར། བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུ་ཟེར་བ་དང་། བོད་རང་སྐྱོང་ལྗོངས་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཟེར་བ་གཉིས་ཚོགས་ཏེ། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲེང་གིས། བོད་ནང་ལས་དོན་བྱེད་པར་བརྟན་ལྷིང་གཙོ་བོར་བཟུང་ནས། ཆོས་པ་ཚོས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་འཛིན་རྒྱུ་དང་། སློབ་གསོའི་ཁྲོད་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་གྱི་སློབ་གསོ་ཤུགས་ཆེར་སྤེལ་ནས། བོད་ནང་དུ་ལས་དོན་ཀུན་གྱི་རྩ་བར་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་དགོས་སྐོར་བརྗོད་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་ནས་བཟུང་དམར་ཤོག་ཚོགས་པའི་དགོས་འདོད་ཙམ་ལས། བོད་རྒྱ་ཆེའི་མི་མང་གི་མངོན་འདོད་དང་མཐུན་པའི་ལས་དོན་གང་ཡང་བྱས་མེད་པས། མ་འོངས་པར་རྒྱ་ནག་གཞུང་གིས་ཤེས་ཡོན་སློབ་གསོའི་ཁྲོད་དམར་པོའི་ལམ་ལུགས་ཙམ་མིན་པར། བོད་རྒྱ་ཆེའི་མི་མང་ལ་མངོན་འདོད་དང་མི་མཐུན་པའི་དྲིལ་བསྒྲགས་བྱེད་བཞིན་པ་དེ་དུས་དང་མི་འཚམས་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ཏུ་ཝང་ཅུན་ཀྲེང་གིས་ཆོས་ལུགས་ལས་རིགས་ཀྱི་ཚོགས་འདུའི་སྟེང་། “རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་བའི་ལས་དོན་ལ་གྲུབ་འབྲས་ཡག་པོ་སོན་ཡོད་པས། མུ་མཐུད་ཤུགས་ཆེ་རུ་བཏང་སྟེ་ཆོས་ལུགས་མི་སྣས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་”སྐོར་བརྗོད་པ་བཀོད་འདུག་ལ། དེ་བཞིན་སློབ་གསོའི་ཚོགས་འདུ་ཟེར་བའི་སྟེང་སློབ་གྲྭའི་ནང་བསམ་བློའི་ཆབ་སྲིད་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་སུ་གཏོང་བ། རྒྱ་ཧན་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་བཏང་སྟེ་བོད་ནང་བརྟན་ལྷིང་ཡོང་བར་སློབ་གསོའི་ཞབས་འདེགས་ཞུ་དགོས་པ་སོགས་བརྗོད་ཡོད་པ་རེད།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་དབང་སྒྱུར་བཙན་བཟུང་བྱས་པ་ནས་བཟུང་། བོད་ནང་ཐབས་བྱུས་ཡོད་ཚད་བེད་སྤྱད་ནས་དྲག་གནོན་དང་བཙན་ཐབས་ཀྱིས་བརྟན་ལྷིང་ཡོང་ཐབས་བྱས་ཡོད་ལ། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བརྟན་ལྷིང་ཞེས་གཤོད་བཞིན་པ་དེ་བོད་མི་ཚོའི་བསམ་བློའི་ནང་རྒྱ་ནག་གཞུང་ལ་ཡིད་ཆེས་མེད་སྟབས། རིག་གནས་དང་བསམ་བློའི་ཐོག་ནས་རྒྱ་སྒྱུར་བྱས་ཏེ་བོད་མི་ཚོས་བསམ་བློ་གཏོང་ཕྱོགས་དེ་རྒྱ་ཧན་མི་རིགས་བཟོ་རྒྱུར་དམིགས་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྤྱིར་རྒྱ་ནག་གཞུང་གིས་ད་ཐེངས་ཀྱི་ཚོགས་འདུ་དེ་གཉིས་གཅིག་པུ་མིན་པར། ཉེ་ཆར་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༤ ཉིན་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲེང་ཟེར་བས། ལོ་འགོ་དང་ལོ་མཇུག་ཏུ་བདེ་འཇགས་བརྟན་ལྷིང་ལས་དོན་ལ་རྟོག་ཞིབ་ཟེར་བ་དང་འབྲེལ། ལྷ་ས་ཁུལ་གྱི་ཉེན་རྟོག་ལས་ཁུངས་མང་པོར་ཆེད་སྐྱོད་ཀྱིས་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་བྱས་ཏེ། ལྷོད་གཡེང་གི་བསམ་བློ་དོར་ནས་བརྟན་ལྷིང་སྲུང་སྐྱོབ་དགོས་སྐོར་བརྗོད་པ་དང་། ལྷག་པར་སྣང་མེད་ཀྱི་སེམས་ཁམས་དོར་ནས་ཚན་རིག་ཅན་གྱི་ལམ་སྲོལ་དང་། ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་དང་གཞི་རིམ་ཅན་དུ་བསྒྲུབ་སྟེ་བརྟན་ལྷིང་སྲུང་སྐྱོང་གཏིང་ཟབ་སྤེལ་དགོས་སྐོར་བརྗོད་ཡོད་པ་རེད། དེ་དང་འབྲེལ་ཏེ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་མུ་མཐུད་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་བོད་ནང་དུས་རབས་གསར་བའི་སྤྱི་ཚོགས་དང་མཐུན་པའི་ཡར་རྒྱས་དང་། སྤྱི་ཚོགས་རིང་ལུགས་དང་ཡར་རྒྱས་ཞེས་སྐུལ་འདེད་གཏོང་བཞིན་པ་དེ་དངོས་ཡོད་དང་མཐུན་གྱི་མེད་པས། ལོ་གསར་པའི་ནང་རྒྱ་ནག་གཞུང་གིས་ཤེས་ཡོན་སློབ་གསོ་སོགས་ཀྱི་ཁྲོད་མི་མང་ལ་ཕན་པའི་དངོས་ཡོད་ཀྱི་ལས་དོན་སྒྲུབ་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་བྱུང་།
སྤྱིར་ལོ་ལྟར་རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་ཡར་རྒྱས་དང་བརྟན་ལྷིང་ཡོད་པ་སོགས་འགྲེལ་བརྗོད་དང་། ཕྱི་ལོ་ ༢༠༢༣ ལོའི་རྒྱ་ནག་གཞུང་གི་རྒྱབ་ཤ་དཀར་པོའི་དེབ་ཅེས་པའི་ནང་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་ལ་ཡིད་ཆེས་བློས་འགེལ་ཡོད་སྐོར་སོགས་བརྗོད་བཞིན་ཡོད་ན་ཡང་། ཚོགས་འདུ་འདྲ་མིན་སྟེང་བོད་ནང་བརྟན་ལྷིང་དགོས་སྐོར་ཤུགས་ཆེར་བརྗོད་བཞིན་ཡོད་པ་མ་ཟད། བོད་ནང་བརྟན་ལྷིང་ཡོང་བར་བོད་ནང་གི་བོད་མི་ཚོས་བཙན་བྱོལ་བོད་མིར་ངོ་རྒོལ་བྱེད་དགོས་སྐོར་བརྗོད་བཞིན་པའི་ཁར། དམིགས་བསལ་ལོ་ལྟར་གསུམ་བཅུའི་དུས་དྲན་དང་༧སྐུའི་འཁྲུངས་སྐར། གནད་འགག་ཅན་གྱི་དུས་ཚིགས་གལ་ཆེན་དང་མི་མང་འདུ་འཛོམས་རིགས་ལ་རྣམ་པ་འདྲ་མིན་གྱི་ཐོག་ནས་དམ་དྲག་དང་། ཕྱི་ལོ་ ༢༠༢༢ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚན་ཆུང་ཟེར་བས། ཚོགས་འདུ་དང་འབྲེལ་བརྟན་ལྷིང་ཡོང་བར་ལས་འགན་ཨང་དང་པོ་ཁ་བྲལ་ལ་ངོ་རྒོལ་དགོས་པ་དེ་ཡིན་སྐོར་སོགས་བརྗོད་ཡོད་པ་རེད་ལ། ལྷག་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མི་ཚོ་ཁ་བྲལ་བ་ཡིན་སྐོར་བརྗོད་དེ་བོད་ནང་གི་བོད་མི་ཚོར་རྣམ་པ་འདྲ་མིན་གྱི་ཐོག་ནས་ཁ་བྲལ་ལ་འཐབ་རྒོལ་གྱི་དྲིལ་བསྒྲགས་དང་སློབ་གསོ་སྤྲོད་ཀྱི་ཡོད་པ་དང་། སྔ་ལོའི་ཕྱི་ཟླ་ ༦ ནང་རྒྱ་ནག་གཞུང་གིས་ནག་ཆུ་ཤན་རྩ་རྫོང་དང་སོག་རྫོང་གི་དགོན་པ་ཁག་ཏུ་གྲྭ་ཤག་ནང་ཞིབ་བཤེར་དང་ཁ་བྲལ་བར་ངོ་རྒོལ་དགོས་པའི་ཁས་ལེན་ཡིག་ཆར་ས་རྟགས་བརྒྱབ་བཅུག་པ་སོགས་ལས་གཞི་སྤེལ་ཡོད་པ་རེད།།
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
པར་རིས་བཟོ་འགོད་པ། ནོར་སྡེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།