རྒྱ་ནག་གཞུང་གིས་ལྷ་མོ་ཀིརྟི་དགོན་པའི་དགེ་རྒན་ཚོས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་བརྗོད་ནས་ཁ་པར་བཙན་འཕྲོག་དང་དགོན་པར་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་འདུག

2024.10.24
རྒྱ་ནག་གཞུང་གིས་ལྷ་མོ་ཀིརྟི་དགོན་པའི་དགེ་རྒན་ཚོས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་བརྗོད་ནས་ཁ་པར་བཙན་འཕྲོག་དང་དགོན་པར་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་འདུག སྟག་ཚང་ལྷ་མོ་ཀིརྟི་དགོན། ཟླ་ཚེས་མི་གསལ།
མི་སེར་གྱི་འདྲ་པར།

འདི་ལོའི་ཟླ་ ༡༠ ཚེས་ ༡ ནས་བཟུང་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭ་ཡོངས་སུ་སྒོ་བརྒྱབ་སྟེ། སློབ་ཕྲུག་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་བཏང་ཡོད་པ་བཞིན། ད་ལྟའི་ཆར་དེ་སྔ་སློབ་གྲྭའི་ནང་དགེ་རྒན་བྱས་མྱོང་མཁན་ཚོས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་ལ་ཁ་གཡར་ནས། དགེ་རྒན་ཚོའི་ཁ་པར་བཙན་འཕྲོག་དང་སྔོགས་བཤེར། སྲིད་གཞུང་གི་འབྲེལ་ཡོད་མི་སྣ་ཚོས་དགོན་པའི་ལས་བྱེད་ཚོར་རྒྱུན་དུ་ཚོགས་འདུ་འདྲ་མིན་ཚོགས་ནས། དགོན་པའི་དོ་དམ་ཚད་ལྡན་དགོས་སྐོར་དང་དགེ་འདུན་པ་ཚོར་ཁ་བྲལ་གྱི་བྱ་སྤྱོད་སྤེལ་མི་ཆོག་པ་དང་། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་གྱི་སྒྲིག་ཁྲིམས་ལ་སློབ་སྦྱོང་དགོས་པ་སོགས་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། དགོན་པའི་སློབ་གྲྭ་སྒོ་བརྒྱབ་པའི་སྐོར་ཕྱི་ཕྱོགས་སུ་འགྲེམས་སྤེལ་བྱས་པ་དེ་གནད་དོན་ཆེན་པོ་ཡིན་སྐོར་བརྗོད་ནས་དམ་དྲག་བྱེད་བཞིན་ཡོད་པ་དང་། དགེ་རྒན་ཁ་ཤས་ཀྱི་ཁ་པར་བཙན་འཕྲོག་གིས་ད་དུང་ཕྱིར་སྤྲད་མེད་པ་དང་། དགོན་པའི་འབྲེལ་ཡོད་མང་པོའི་ཁ་པར་ལ་སྔོགས་བཤེར་དང་ཕྱི་ཕྱོགས་སུ་འབྲེལ་བ་བྱས་མིན་ཞིབ་བཤེར་སོགས་བྱས་སོང་ལ། ད་ལྟའི་ཆར་དགོན་པའི་སློབ་གྲྭ་སྒོ་བརྒྱབ་ཚར་ནས་ཅི་ཡང་མེད་པར་གྱུར་ཡོད་ན་ཡང་མུ་མཐུད་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་མ་ཟད། དགོན་པའི་གྲྭ་ཆུང་ཚོ་གཞུང་གཉེར་སློབ་གྲྭར་བཅུག་རྗེས་ཕ་མ་དང་སྤུན་མཆེད་སོགས་ཐུག་འཕྲད་བྱེད་མི་བཅུག་པར་སྒྲིག་ཁྲིམས་སྣ་ཚོགས་ལ་ཁ་གཡར་ནས་བཀག་འགོག་དང་། སློབ་ཕྲུག་ཚོའི་གནས་སྟངས་ཙམ་ཡང་ཤེས་རྟོགས་མི་ཐུབ་པའི་གནས་སུ་སྐྱེལ་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།

WhatsApp Image 2024-10-24 at 1.55.29 PM.jpeg
སྟག་ཚང་ལྷ་མོ་ཀིརྟི་དགོན། ཟླ་་ཚེས་མི་གསལ། མི་སེར་གསར་འགོད་པ།

རྒྱ་ནག་གཞུང་འབྲེལ་གྱིས་ཆེད་འཛུགས་བྱས་པ་ལྷ་མོ་ཀིརྟི་དགོན་པའི་སྐད་འཕྲིན་སྤྱི་སྟེགས་ཟེར་བའི་ནང་། རྒྱ་ནག་གཞུང་གིས་ཆོས་ལུགས་ལས་དོན་སྲོལ་ཡིག་ཟེར་གཞིར་བཟུང་ནས་གཏན་ལ་ཕབ་པ་ཡིན་སྐོར་བརྗོད་པ་ཞིག་བཀོད་པའི་ནང་། རྩ་འཛུགས་གང་དང་མི་སྒེར་སུ་ཞིག་གིས་ཀྱང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་དང་། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་འགོག་རྐྱེན་བཟོ་བ་སོགས་བྱ་མི་རུང་བ་མ་ཟད། དེ་བཞིན་རྒྱལ་ཁབ་ཀྱི་ཁེ་ཕན་དང་། དགོན་སྡེའི་ལས་དོན་ལ་མངའ་ཁོངས་ཕྱིའི་རྩ་འཛུགས་དང་མི་སྒེར་གང་རུང་གི་ཐེ་གཏོགས་དང་བཀོད་སྒྲིག་བྱ་མི་ཆོག དགོན་པས་ནར་མ་སོན་པའི་བྱིས་པ་བཙན་གྱིས་དགོན་པར་སྡོད་དུ་འཇུག་མི་ཆོག་སྐོར་དང་། དགོན་པའི་དཔེ་སྦྱོང་འཛིན་གྲྭས་བསྡུས་པའི་སློབ་མ་རྣམས་ལ་གཤམ་གྱི་ཆ་རྐྱེན་དག་འཛོམས་དགོས་པ་ནི། གཅིག སྤྱིར་བཏང་དུ་རང་ལོ་བཅོ་བརྒྱད་ཡན་ཡིན་དགོས་པ། གཉིས། རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་བརྩི་སྲུང་བྱ་དགོས་པ། གསུམ། དགེ་ཚུལ་གྱི་སྡོམ་པ་བཞེས་ཟིན་པའི་དགེ་སློང་ཡིན་དགོས་སྐོར་སོགས་འཁོད་འདུག

མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཕྱི་ལོ་ ༡༩༨༦ ནས་བཟུང་ལོ་ཆུང་གྲྭ་གཞོན་ཚོར་ཆེད་དམིགས་ཀྱིས། གཞུང་ཆེན་ཁག་ལ་སློབ་གཉེར་མ་གནང་གོང་རིག་གནས་ཆེད་སྦྱོང་གི་སློབ་འཁྲིད་ཆེད་ཟུར་ཚོགས་ལྟ་བུ་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༩༣ ནས་བཟུང་སྟག་ཚང་ལྷ་མོ་བོད་ཀྱི་རིག་གནས་སློབ་གྲྭ་ཞེས་ལོ་ཆུང་གྲྭ་བ་ཚོར་ཆེད་དམིགས་ཀྱིས་སློབ་གྲྭ་འགོ་བཙུགས་ཡོད་ན་ཡང་། ཕྱི་ལོ་ ༢༠༠༣ ལོར་རྒྱ་ནག་གཞུང་གིས་བཙན་ཐབས་ཀྱིས་སྒོ་བརྒྱབས་བཅུག་ཡོད་པ་དང་། ཕྱིས་སུ་བསྐྱར་དུ་སྟག་ཚང་ལྷ་མོ་ཀིརྟི་ནང་བསྟན་སྔོན་འགྲོའི་སློབ་གྲྭ་ཞེས་འཚོགས་བཅུག་ཡོད་ཀྱང་། འདི་ལོའི་ཟླ་ ༧ པ་ནས་བཟུང་སློབ་གྲྭ་ཚོགས་མི་ཆོག་པའི་བཀོད་ཁྱབ་དང་། ཟླ་ ༩ ནས་བཟུང་སློབ་ཕྲུག་ ༣༠༠ ལྷག་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་བཏང་བཅུག་སྟེ། སློབ་ཕྲུག་གི་ཁྱིམ་བདག་ཚོར་བུ་ཕྲུག་གཞུང་གཉེར་སློབ་གྲྭར་སྐྱེལ་ནས་འོས་འགན་སློབ་གསོ་མྱོང་བཅུག་པ་ལས། བུ་ཕྲུག་ནར་མ་སོན་བར་དུ་དགོན་པར་གཏོང་མི་ཆོག་པའི་ཁས་ལེན་ཡི་གེ་འབྲི་བཅུག་སྟེ་མཚན་རྟགས་བསྐྱོན་བཅུག་པ་སོགས་བྱས་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎