༧གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག
2015.03.25
མིག་དཔེར་གྱུར་བའི་ཁྱད་ཆོས་དེ་དག་སྲུང་སྐྱོབ་བྱ་རྒྱུ་དེ་དམ་པ་ཁོང་ལ་བཀའ་དྲིན་རྗེས་དྲན་ཡག་ཤོས་དེ་ཆགས་ཡོད།
དེ་ཡང་ཕྱི་ཚེས་༢༣ཉིན་སིངྒ་པུར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་Lee KwanYewམཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་། ༧གོང་ས་མཆོག་གིས་དམ་པ་ཁོང་གི་སྲས། ད་ལྟའི་སྲིད་བློན་ལས་ཐོག་སྐུ་ཞབས་Lee Hsien Loongམཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། སྐུ་ཉིད་མཆོག་དང་ནང་མི་ལྟོས་བཅས། དེ་བཞིན་སིངྒ་པུར་གྱི་མི་མང་རྣམས་ལ་ཐུགས་གསོ་དང་སྦྲགས། གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན་ཞེས་བཀའ་གནང་འདུག་ལ། དམ་པ་ཁོང་གིས་ཕུགས་རྒྱང་རིང་པོའི་འཆར་སྣང་དང་ཆོད་སེམས་བརྟན་པོའི་ཐོག་ནས་སིངྒ་པུར་འདི་བཞིན་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཡར་ཐོན་ཅན་ཞིག་གི་ཁ་ཕྱོགས་སུ་འཁྲིད་གནང་ནས་ཡུལ་དེའི་ཤེས་ཡོན་ལམ་ལུགས་དང་མི་རིགས་མཐུན་སྒྲིལ། ཞི་བདེ་གོང་འཕེལ་སོགས་ཁྱད་ཆོས་དེ་དག་སྲུང་སྐྱོབ་ཆེད་གཟེངས་སུ་ཐོན་པའི་ཞབས་འདེགས་བསྒྲུབས་ཡོད་པར་བརྟེན། ཁྱད་ཆོས་དེ་དག་ནི་ཡུལ་དེའི་མི་སེར་ཚོས་སྤོབས་པ་བྱ་ཡུལ་ཙམ་མ་ཟད། འཛམ་གླིང་མི་མང་གི་མིག་དཔེར་གྱུར་ཡོད་པར་བརྟེན་ཁྱད་ཆོས་དེ་དག་སྲུང་སྐྱོབ་བྱ་རྒྱུ་དེ་དམ་པ་ཁོང་ལ་བཀའ་དྲིན་རྗེས་དྲན་ཡག་ཤོས་དེ་ཆགས་ཡོད་ཅེས་གསུང་འཕྲིན་བསྩལ་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།