རྒྱ་བོད་ས་སྲུང་དམག་མི་ཚོས་ངེས་བར་དུ་རྒྱ་སྐད་དང་བོད་སྐད་སྦྱོང་དགོས།
2017.08.29
རྒྱ་གར་དང་རྒྱ་ནག་དབར་འབྲོག་ལམ་གྱི་དཀའ་རྙོག་སེལ་བཞིན་པའི་སྐབས་དེར་རྒྱ་གར་གཞུང་གིས་རྒྱ་བོད་ས་སྲུང་ཉེན་རྟོག་དམག་མི་(ITBP)་ཞེས་པར་ད་ཕྱིན་དམག་སྒར་དེའི་ནང་དམག་མི་གསར་པ་འཛུལ་བཞུགས་བྱེད་མཁན་ཚང་མས་(Mandarin)་རྒྱ་སྐད་དང་། བོད་སྐད་ངེས་པར་དུ་སྦྱོང་དགོས་པའི་གསལ་བསྒྲགས་བྱས་འདུག
དེ་ཡང་རྒྱ་གར་གྱི་(Indian Express)་ཞེས་པས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལྟའི་ཆར་རྒྱ་གར་གྱི་རྒྱ་བོད་ས་སྲུང་ཉེན་རྟོག་དམག་སྒར་ནང་དམག་མི་ཁྱོན་བསྡོམས་ཁྲི་དགུ་ཙམ་ཡོད་པའི་ནང་ནས་རྒྱ་སྐད་དང་བོད་སྐད་ཤེས་མཁན་༡༥༠་ཙམ་ལས་མེད་པ་དང་། དམག་མི་དེ་དག་ཡང་ཐོག་མར་དམག་སྒར་ནང་འཛུལ་ཞུགས་བྱེད་སྐབས་རྒྱ་སྐད་དང་བོད་སྐད་ཤེས་ཀྱི་མེད་དང་། རིམ་པས་རྒྱལ་ས་ལྡི་ལིར་ཡོད་པའི་(JNU)་ཞེས་པའི་གཙུག་ལག་སློབ་གྲ་ཆེན་མོའི་ནང་སྐད་ཡིག་སྦྱང་པ་ཞིག་ཡིན་འདུག
འོན་ཀྱང་འདི་ལོ་ནས་བཟུང་(ITBP)་ཞེས་པའི་རྒྱ་བོད་ས་སྲུང་ཉེན་རྟོག་དམག་མིའི་ནང་འཛུལ་ཞུགས་བྱེད་མཁན་དམག་མི་ཚང་མས་ལོ་གཅིག་གི་དམག་སྦྱོང་བྱེད་པའི་སྐབས་རྒྱ་སྐད་(Mandarin) ་དང་བོད་སྐད་ཡང་སྦྱོང་དགོས་པ་རྒྱ་གར་གཞུང་གིས་གསལ་བསྒྲགས་གནང་ཡོད་འདུག
དེ་ཡང་(ITBP)་དམག་སྒར་གྱི་དམག་དཔོན་ཞིག་གིས་ང་ཚོ་རྒྱ་བོད་ས་མཚམས་སུ་བཀོད་སྒྲིག་བྱས་ནས་སྡོད་དགོས་སྟབས། ཉིན་ལྟར་ས་མཚམས་སུ་རྒྱ་ནག་གི་བཅིངས་གྲོལ་དམག་མི་དང་གདོང་ཐུག་ཡོང་གི་ཡོད་པ་དང་། རྒྱ་སྐད་མ་ཤེས་ཚེ་ཕན་ཚུན་གོ་བརྡ་མ་འཕྲོད་པར་གོ་དོན་ལོག་རྟོག་ཡོང་གི་ཡོད་ཙང་མ་འོངས་པར་དེ་ལྟར་མ་ཡོང་བའི་ཆེད་རྒྱ་སྐད་ཤེས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་འདུག
ད་ལྟའི་ཆར་ཕྱོགས་གཉིས་ཀྱི་དམག་མི་ཕལ་ཆེ་བས་སྐད་ཡིག་གོ་བརྡ་འཕྲོད་ཀྱི་མེད་སྟབས་མཚམས་རེ་ཕན་ཚུན་ས་མཚམས་བརྒལ་བའི་གནས་ཚུལ་བྱུང་སྐབས་ས་མཚམས་བརྒལ་འདུག་ཕར་འགྲོ་དགོས་ཞེས་པ་སོགས་བྲིས་པའི་འཕྲེད་དར་དེ་འདྲ་འཕྱར་དགོས་ཆགས་ཀྱི་ཡོད་པ་འདུག རྒྱ་ནག་གི་དམག་མི་དང་རྒྱ་གར་གྱི་དམག་མིའི་དབར་སྐད་ཡིག་གོ་བརྡ་འཕྲོད་ཡོད་ཚེ་ ཉེ་ཆར་དཔལ་མགོན་མཚོ་ཁར་ཕན་ཚུན་རྡོ་གཞུ་རེས་བཏང་བའི་གནས་ཚུལ་དེ་འདྲ་ཡོང་གི་མ་རེད་ཅེས་རྒྱ་གར་གྱི་དམག་དཔོན་དེས་གསུངས་འདུག
རྒྱ་གར་གྱི་(Mussoorie)་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་(ITBP)ཞེས་པའི་རྒྱ་བོད་ས་སྲུང་ཉེན་རྟོག་དམག་སྒར་གྱི་སྦྱོང་བརྡར་བསྟི་གནས་ཁང་གིས་རྒྱ་སྐད་དང་བོད་སྐད་སློབ་དགེ་༡༢་ཙམ་གསར་དུ་བསྐོ་བཞག་བྱས་ཡོད་པ་དང་། དེ་ནི་རྒྱ་སྐད་དང་བོད་སྐད་ཤེས་དགོས་པའི་ཆ་རྐྱེན་དེ་སྒྲུབ་པའི་ཆ་ཤས་ཤིག་ཡིན་ལུགས་(Indian Express)་ཞེས་པའི་རྒྱ་གར་གྱི་གསར་ཤོག་དེའི་ནང་གནས་ཚུལ་སྤེལ་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།