རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཚོའི་གནས་ཚུལ་ཡོད་པའི་གཞུང་འབྲེལ་ཡིག་ཆ་ཕྱིར་གྱར།
རྒྱ་ནག་དམར་ཤོག་གཞུང་གི་དམིགས་ཡུལ་དང་ལས་དོན་འགྲུབ་ཆེད་ཕྱི་ཕྱོགས་སུ་དམར་ཤོག་ཚོགས་པའི་ཚོགས་མི་ས་ཡ་གཉིས་མ་ཟིན་ཙམ་ཡོད་པ་གཞུང་འབྲེལ་ཡིག་ཆ་ཕྱིར་གྱར་བྱུང་བ་ལས་གསལ་སྟོན་བྱས་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཚོའི་གནས་ཚུལ་ཡོད་པའི་གཞུང་འབྲེལ་ཐོ་གཞུང་ཡིག་ཆ་ཞིག་ཕྱིར་གྱར་བྱུང་བ་ལྟར་ན། །ཨོ་སི་ཁྲི་ལི་ཡ་དང་། དབྱིན་ཡུལ། ཨ་རི་གཙོས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་ལས་གནས་འདྲ་མིན་ཁྲོད་ལས་ཀ་བྱེད་བཞིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ས་ཡ་གཉིས་མ་ཟིན་ཙམ་གྱི་ལས་གནས་དང་། སྒེར་གྱི་གནས་ཚུལ་སོགས་འཁོད་ཡོད་པ་རེད། ཡིག་ཆ་དེའི་ནང་། རྒྱ་ནག་ཕྱི་ཕྱོགས་སུ་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ས་ཡ་༡.༩༥ཙམ་དང་། དམར་ཤོག་ཚོགས་པའི་ཡན་ཡག་༧༩.༠༠༠ཙམ་གྱི་གནས་ཚུལ་འདྲ་མིན་བཀོད་ཡོད་འདུག་ལ། ཚོགས་མི་དེ་དག་གིས་ཕྱི་གཞུང་ཚབ་ཡན་ལག་ལས་ཁུངས་དང་། བཟོ་ཚོང་ཁང་ཆེ་གྲས། ཐ་ན་གཞུང་གི་ལས་ཁུངས་འདྲ་མིན་དང་དམར་ཤོག་ཚོགས་པའི་ཚོགས་མི་དེ་ཚོས་ལས་ཀ་བྱེད་བཞིན་པ་གསལ་བོ་ཡོད་པ་(The Australian)གསར་ཁང་དང་། (Mail)སོགས་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་ཡོད་པ་རེད།
དེའི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས་གསུང་ན། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ས་ཡ་གཉིས་མ་ཟིན་ཙམ་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པ་དེ་དངོས་བདེན་ཡིན་ཅིང་། རྒྱ་ནག་གཞུང་གི་དྲ་རྒྱའི་ཐོག་རྒྱ་ནག་དམར་ཤོག་གཞུང་གི་ལྟ་ཕྱོགས་དང་མ་མཐུན་པའི་གནས་ཚུལ་ལ་ལན་འདེབས་དང་། དམར་ཤོག་ཚོགས་པའི་ལང་ཕྱོགས་དང་མཐུན་པའི་དྲིལ་བསྒྲགས་ཆེད་དུ་མི་མང་པོ་ཆེད་བཙུགས་བྱས་ཡོད་པ་དེ་དག་དམར་ཤོག་གཞུང་གི་དམིགས་ཡུལ་འགྲུབ་ཆེད་ཡིན་པ་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་ཁོང་གིས་མུ་མཐུད་གསུངས་བར་གཞིགས་ན། རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་རྒྱལ་ཁབ་འདྲ་མིན་གྱི་འོས་བསྡུའི་ལས་རིམ་ནང་ཐེ་བྱུས་བྱས་ཡོད་པར་སོང་། དྲ་ལམ་གྱི་ཐོག་ནས་མིའི་བསམ་བློར་བསྒྱུར་བཅོས་བྱེད་ཐབས་དང་དངོས་འབྲེལ་མིན་པའི་ཐབས་བྱུས་ལག་བསྟར་བྱེད་ཀྱི་ཡོད་པོ་གསལ་རེད། དཔེར་ན། ངོ་དེབ་ནང་པར་མེད་པ་དང་། རྒྱབ་ལྗོངས་ལོ་རྒྱུས་མེད་པ་སོགས་ངོ་དེབ་རྫུན་མ་བརྒྱུད་ནས་དངོས་བདེན་མིན་པའི་གནས་ཚུལ་དྲིལ་བསྒྲགས་བྱེད་ཀྱི་ཡོད་སྟབས་བཙན་བྱོལ་སྤྱི་ཚོགས་ཁྲོད་འོས་བསྡུའི་ལས་རིམ་ནང་ཐེ་བྱུས་བྱེད་སྲིད་པས་ཉེན་ཁ་དེར་ཚང་མས་ཡིད་ཟབ་དགོས་པ་གསུང་གི་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་འགོ་ཁྲིད་པའི་དམར་ཤོག་གཞུང་གིས་དྲ་རྒྱ་གཅིག་གྱུར་གྱི་གོ་ལ་བཟོ་བའི་སྲིད་བྱུས་དང་། དེའི་ཆེད་དུ་སློབ་ཕྲུག་དང་ཆེད་ལས་མི་སྣ་མང་པོ་བསྐྱེད་སྲིང་བྱེད་པ་བརྒྱུད་ནས་དྲིལ་བསྒྲགས་ཀྱི་ལམ་ནས་མི་མང་གི་བསམ་བློ་བསྒྱུར་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་དང་། རྒྱ་ནག་གཞུང་གི་དམིགས་ཡུལ་ངན་པ་བཅངས་ནས་གསང་མྱུལ་མི་སྣ་མང་པོ་ཞིག་རྒྱལ་ཁབ་གཞན་གྱི་གལ་གནད་ཆེ་བའི་བཟོ་ལས་ཁང་དང་། ལས་ཁུངས་ནང་བསྐོ་འཛུགས་བྱས་པ་བརྒྱུད་ནས་གནས་ཚུལ་རྐུ་འཁྱེར་བྱེད་ཡོད་པ་དེ་དག་རྒྱལ་ཁབ་དེའི་བདེ་འཇགས་ལ་ཧ་ཅང་ཉེན་ཁ་ཆེན་པོ་ཡིན་པ་བརྗོད་ཀྱི་འདུག
རྒྱ་ནག་གཞུང་འབྲེལ་མི་དམངས་དྲ་བ་སོགས་ཀྱི་གནས་ཚུལ་ལྟར་ན། སྤྱི་ལོ་༢༠༡༥ལོ་མཇུག་ནས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་སུ། དམར་ཤོག་ཚོགས་མི་ཁྲི་༣༢་༥ཡོད་པ་ནི། ལོ་གོང་མ་ལས་ཁྲི་༡་༩འཕར་ཡོད་པ་དང་། ལོ་དེའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་གཞི་རིམ་རྩ་འཛུགས་ཁྲི་༡་༦ཟིན་པ་དེ། ལོ་གོང་མ་ལས་༢༠༠ལྷག་འཕར་ཡོད་པའི་འཕར་ཚད་བརྒྱ་ཆ་༡་༥ཟིན་ཡོད་ལུགས་འཁོད་ཡོད་ཅིང་། རྒྱ་ནག་དམར་ཤོག་ཚོགས་པ་ལ་ད་ཆ་ཚོགས་མི་ས་ཡ་༩༠་༥༩ཡོད་པ་རེད།