བོད་མི་བརྒྱད་འཛིན་བཟུང་བྱེད་བཞིན་པའི་བརྙན་དཔར།
2011.12.14
༄༅༎རྒྱ་ནག་གཞུང་གི་དྲག་པོའི་ཉེན་རྟོག་དམག་མིས་བོད་མི་བརྒྱད་འཛིན་བཟུང་བྱེད་བཞིན་པའི་བརྙན་དཔར་ཞིག་འབྱོར་སོན་བྱུང་བའི་སྐོར་ལ་ བོད་མིའི་སྒྲིག་འཛུགས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག་
ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་ནང་དུ་ས་ བྱི་ཞི་རྒོལ་ཆེན་མོའི་སྐབས་མཉམ་ཞུགས་བྱས་པའི་དོག་གཞི་ཅན་གྱི་བོད་མི་ཁག་གཅིག་རྒྱ་ནག་དམག་མིས་འཛིན་བཟུང་བཙན་ཁྲིད་བྱེད་བཞིན་པའི་གློག་བརྙན་ཞིག་ཕྱི་གྱར་བྱུང་ཡོད་པ་དང་ ཕྱི་དྲིལ་ལས་ཁུངས་སུ་འབྲེལ་ཡོད་ནས་བཏང་འབྱོར་བྱུང་བའི་གློག་བརྙན་འདིའི་ནང་བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པའི་ཁྱབ་ཁོངས་ཀྱི་སྡེ་ཚན་ཁག་གཅིག་སྟེ་ དྲག་ཆས་ཉེན་རྟོག་དམག་མི་དང་ ཉེན་རྟོག་རུ་ཆེན་ སྤྱི་བདེ་ཉེན་རྟོག་པ་ དམིགས་བསལ་དྲག་ཆས་ཉེན་རྟོག་པ་ མཐའ་མཚམས་སྲུང་དམག་སོགས་ཚན་པ་ཁག་ལྔ་ཙམ་ལས་གྲུབ་པའི་དྲག་ཆས་གྱོན་པའི་དམག་མིས་ལག་ཏུ་མེ་མདའ་དང་ ལག་ལྕགས་ གློག་རྒྱུག་སོགས་འཁྱེར་ཡོད་པ་མ་ཟད་ ཇར་མན་ལུག་རྫི་ཞེས་པའི་ཁྱི་མང་དག་ཅིག་ཁྲིད་ཏེ་ ༢༠༠༨ལོའི་ཕྱི་ཟླ་གསུམ་པའི་ཟླ་མཇུག་ཏུ་བོད་ཀྱི་སེ་ར་དགོན་པའི་ཉེ་འཁྲིས་སུ་ཡོད་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཤང་རུ་ཁག་གཉིས་པ་གཙོ་བོར་གྱུར་བའི་ས་གནས་མང་ཚོགས་ཀྱི་ཁྱིམ་དུ་སྔོག་བཤེར་དང་མི་སྣ་གང་བྱུང་འཛིན་བཟུང་བྱས་ཡོད་འདུག་པ་དང་ བོད་མི་དེ་དག་གིས་༢༠༠༨ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༠ཉིན་ལྷ་སར་སེར་འབྲས་གཉིས་ཀྱི་དགེ་འདུན་པས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཐོག་མར་བྱུང་རྗེས་ ཕྱི་ཟླ་གསུམ་པའི་ཚེས་༡༡ཉིན་སེ་རའི་ལམ་སོགས་སུ་སེ་རའི་དགེ་འདུན་པ་དང་ ཆུ་བཟང་དགོན་པའི་བཙུན་མ་སོགས་ཀྱིས་ཞི་བའི་སྐད་འབོད་བྱེད་སྐབས་ལམ་བར་དྲག་ཆས་ཉེན་རྟོག་པས་བཀག་འགོག་བྱས་རྗེས་ དོག་སྡེ་ཤང་གི་མང་ཚོགས་ཁག་གཅིག་གིས་ཞི་བའི་ངོ་རྒོལ་ནང་མཉམ་བཞུགས་བྱསཔའི་གནས་ཚུལ་གྱིས་རྐྱེན་པས་ ཉིན་དེ་རང་དུ་འཛིན་བཟུང་བྱེད་མ་ཐུབ་པའི་ས་གནས་མང་ཚོགས་ཁག་གཅིག་ཞིབ་རྩད་བྱས་རྗེས་གློ་བུར་དུ་དྲག་ཤུགས་བེད་སྤྱོད་ཐོག་བོད་མི་རང་ལོ་༣༢ཡིན་པ་ཚེ་རིང་ནོར་བཟང་ལགས་དང་ རང་ལོ་༥༣ཡིན་པ་བྱམས་པ་རྒྱལ་མཚན་ལགས་ རང་ལོ་༢༩སོན་པ་ཕུར་བུ་དངོས་གྲུབ་ལགས་ རང་ལོ་༤༥ཡིན་པའི་བེུད་གཅིག་དང་ རང་ལོ་༢༨སོན་པ་ཉི་མ་ཚེ་རིང་ལགས་ རང་ལོ་༣༨སོན་པ་པ་སངས་ལགས་ རང་ལོ་༤༥སོན་པ་དབང་འདུས་ལགས་ རང་ལོ་༢༢སོན་པ་ཕུར་བུ་ལགས་བཅས་ཀྱི་ཁྱིམ་དུ་བཙན་དབང་གིས་འཛུལ་ནས་ཁོང་རྣམས་འཛིན་བཟུང་བྱས་ཡོད་པ་མ་ཟད་ ཁྱིམ་ཚང་སྔོག་བཤེར་དང་གང་བྱུང་ཉེས་རྡུང་བཏང་བ་སོགས་བྱུང་ཡོད་ གློག་བརྙན་དེས་རྒྱ་ནག་གཞུང་ཕྱོགས་ནས་བདོ་ལ་དབང་བསྒྱུར་བྱས་པ་དེར་མི་འདོད་པའི་རྣམ་འགྱུར་ཕྲན་བུ་སྟོན་མཁན་ཚོར་ཡང་དམ་བསྒྲགས་ཤུགས་ཆེ་ཇི་ལྟར་བྱེད་བཞིན་ཡོད་པ་གསལ་པོར་ར་འཕྲོད་དངོས་ཐུབ་ཡོད་པ་འཁོད་འདུག